ཧེ་ར་དྷོ་ཋ་སི་ཡིས་“ལོ་རྒྱུས་”ཞེས་པའི་བསྟན་བཅོས་འདི་སྤྱི་ལོ་སྔོན་གྱི་ལོ་ ༤༤༠ ལོར་བརྩམས།  འདི་ནི་ནུབ་ཕྱོགས་པ་རྣམས་ཀྱིས་ནུབ་ཕྱོགས་ཀྱི་ལོ་རྒྱུས་ཐོག་གི་ “ལོ་རྒྱུས་”ཞེས་པའི་བསྟན་བཅོས་ཆེས་ཐོག་མར་ངོས་འཛིན་བྱེད།  ཧེ་རོ་ཌོ་ཋ་སི་རང་གིས་ཁོང་གི་བསྟན་བཅོས་འདི་ནི་ཁོང་ཕེར་བཞེན་བཙན་རྒྱལ་གྱི་ཡུལ་གྲུ་མང་པོར་འགྲུལ་སྐྱོད་ཀྱིས་གནས་ཚུལ་རྩད་ཞིབ་དང་།  མི་སྣ་ལ་བཅར་འདྲི།  གཏམ་རྒྱུད་འཚོལ་སྡུད་བྱས་པའི་འབྲས་བུ་ཡིན་པ་དང་།  འདིའི་དམིགས་ཡུལ་ནི་འགྲོ་བ་མི་ཡི་བྱུང་དོན་རྣམས་ཀྱི་རྗེས་ཤུལ་རྣམས་དུས་ཚོད་ཀྱིས་བསུབ་པ་ལས་སྐྱོབ་པའི་ཆེད་དུ་དང་།  གྷི་རིག་པ་དང་གྷི་རིག་པ་མ་ཡིན་པ་གཉིས་ཀས་བསྐྲུན་པའི་གྲགས་ཅན་དང་གལ་ཆེན་གྱི་མཛད་རྗེས་རྣམས་དང་།  ལྷག་པར་དུ་གྷི་རིག་པ་དང་གྷི་རིག་པ་མ་ཡིན་པ་གཉིས་བར་གྱི་དམག་འཁྲུག་གི་འབྱུང་རྐྱེན་རྣམས་ཡལ་བར་མི་འགྱུར་བའི་ཆེད་དུ་ཡིན་ཚུལ་བརྗོད་ཡོད།  བསྟན་བཅོས་དེ་ནི་གྷི་རིག་གི་གནའ་རབས་ཀྱི་ཡུལ་སྐད་ལོ་ནིག་(Lonic)ཅེས་པའི་ལམ་ནས་བརྩམས་ཡོད།  བསྟན་བཅོས་དེའི་ནང་དུ་རྩོམ་པ་པོ་རང་གི་སྐུ་རིང་ལ་བྱུང་བའི་གྷི་རིག་རྒྱལ་ཁབ་དང་བཙན་རྒྱལ་ཕར་བཞེན་གཉིས་བར་ལ་སྤྱི་ལོ་སྔོན་གྱི་༩༩༩ནས་ ༩༤༩ བར་ལ་བྱུང་བའི་དམག་འཁྲུག་ཆེན་པོ་ཞིག་གི་་བྱུང་རྐྱེན་ཞིབ་ཕྲ་རྩད་གཅོད་བྱས་ཏེ།  ལོ་རྒྱུས་ཀྱི་དོན་རྐྱེན་དག་རྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་ཡོད།  ཁོང་ལ་སྤྱི་ལོའི་དུས་རབས་དང་པོ་ནས་བཟུང་མཁས་པ་མང་པོས་ “ལོ་རྒྱུས་ཀྱི་ཡབ་ཆེན་”ཞེས་པའི་ཆོ་ལོ་ཕུལ་ཡོད། བསྟན་བཅོས་དེའི་ནང་དུ་ད་དུང་དུས་སྐབས་དེའི་ཨེ་ཤར་ཡ་ནུབ་མ་དང་།  ཨ་ཧྥེ་རི་ཀ་བྱང་མ།  གྷི་རིག་བཅས་ཀྱི་སྲོལ་རྒྱུན་དང་།  སྲིད་དོན།  ཡུལ་ཁམས།  དམག་འཁྲུག་གྲགས་ཆེ་བ་རྣམས་ཞིབ་འགོད་བྱས་ཡོད་ཟེར།  བསྟན་བཅོས་དེ་ནི་ཡོངས་སུ་དོན་དངོས་དང་མཐུན་པའི་ཟིན་བྲིས་ཤིག་མིན་ན་ཡང་།  དུས་སྐབས་དེ་དག་གི་ལོ་རྒྱུས་ཀྱི་དོན་རྐྱེན་ལ་ཡིག་ཁུངས་འདི་མ་གཏོགས་གཞན་ཅི་ཡང་མེད།  དེ་མ་ཟད།  སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པ་ནས་བཞི་པའི་བར་དུ་ལྷོ་ཨེ་ཤར་ཡ་སྟེ།  དེང་སང་དབྱི་རན་གཙོ་བོར་བྱས་པའི་རྒྱལ་ཁམས་དེ་དག་ཏུ་བཙན་རྒྱལ་ཕེར་བཞེན་ (Persian Empire, 波斯帝国)ཟེར་བ་དེ་བྱུང་ཡོད་ལ།  དེའི་གནས་ཚུལ་ཡིག་ཐོག་ཏུ་དང་པོར་བཀོད་པ་ཡང་འདི་ཡིན་པ་བཅས་ཀྱིས་བསྟན་བཅོས་འདི་ནི་སྤྱིར་འགྲོ་བ་མི་དང་ལྷག་པར་ནུབ་ཕྱོགས་པའི་ལོ་རྒྱུས་ཀྱི་བསྟན་བཅོས་ལ་ཆུ་འགོ་གངས་ལ་ཐུག་པ་ལྟ་བུའི་བསྟན་བཅོས་ཤིག་ཏུ་ངོས་འཛིན་བྱེད། མཁས་པ་མང་པོས་བསྟན་བཅོས་འདི་ནི་ “ལོ་རྒྱུས་”དང་ལྷ་སྒྲུང་གཉིས་སོ་སོར་ཁ་གྱེས་པའི་འགོ་འཛུགས་ས་ཡིན་པར་འདོད།  འདོད་ལུགས་དེ་འཛིན་མཁན་རྣམས་ཀྱིས་ “ལོ་རྒྱུས་”ཀྱི་ནང་དུ་ལྷ་སྒྲུང་ལྟ་བུ་བཀོད་ཡོད་པ་ཁས་ལེན་ན་ཡང་།  དེ་ནི་ལྷ་སྒྲུང་གི་ཚིག་ཟིན་གྱི་ནང་དོན་དེའི་ཆེད་དུ་བཀོད་པ་མ་ཡིན་པར་ལོ་རྒྱུས་ཀྱི་དཔྱད་གཞིའི་ཚུལ་དུ་ཡིན་པར་འདོད།  ཡིན་ན་ཡང་ཁོང་གི་བསྟན་བཅོས་འདིའི་ནང་ལ་གཏམ་བརྒྱུད་དང་རྟོག་བཟོ་འདྲེས་འདུག་ཅེས་ནས་སྐྱོན་བརྗོད་བྱེད་མཁན་ཡང་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་པ་ནས་བྱུང་ཡོད་ཅིང་།  ཐ་ན་ཁོང་ནི་”ལོ་རྒྱུས་ཀྱི་ཡབ་ཆེན་”མ་ཡིན་པར་ “རྫུན་གྱི་ཡབ་ཆེན་”དུ་རྗོད་མཁན་ཡང་བྱུང་ཡོད།  ཡིན་ན་ཡང་རྩོམ་པ་པོ་ཁོང་གིས་རང་གི་བརྩམས་ཆོས་སུ་ཅི་ཡོད་པ་རྣམས་ཁོང་རང་གི་མཐོང་ཐོས་ངོ་མ་རྣམས་ཀྱི་ཟིན་བྲིས་ཡིན་པར་ཁས་འཆེས་ཡོད་ལ།  ཆ་མང་པོ་ཞིག་ཕྱིས་བྱུང་གི་ལོ་རྒྱུས་སྨྲ་བ་དང་ཡིག་ཚགས་མཁས་པ་རྣམས་ཀྱིས་གནས་ཚུལ་ཁུངས་ཐུབ་ཡིན་པའི་ར་སྤྲོད་ཀྱང་བྱས་ཡོད།

དེང་སང་བརྩམས་ཆོས་ཤིག་དཔེ་སྐྲུན་བྱེད་པ་ནི་དཔེ་སྐྲུན་ཁང་ཞིག་གིས་དེབ་ཀྱི་རྣམ་པར་དཔར་སྐྲུན་བྱས་པ་ལ་གོ ཡིན་ན་ཡང་ཧེ་ར་དྷོ་ཋ་སི་ཡི་དུས་སྐབས་སུ་བརྩམས་ཆོས་ཤིག་དུས་སྟོན་གྱི་སྐབས་ཀྱི་ཁྲོམ་དཀྱིལ་དུ་རྩོམ་པ་པོས་སྐད་གསེང་མཐོན་པོས་སྒྲོག་སྦྱངས་སམ་ཀློག་འདོན་བྱེད་པ་དེ་དར་ཁྱབ་ཆེ་ཞིང་།  དེ་ནི་དེང་སང་གི་”དཔེ་སྐྲུན་”ཞེས་པའི་ངོ་བོ་གཅིག་ཡིན་པར་བཤད།  ཧེ་ར་དྷོ་ཋ་སི་ཡིས་ཀྱང་ཁོང་གི་”ལོ་རྒྱུས་”ཞེས་པའི་བརྩམས་ཆོས་འདི་ཨོ་ལིམ་པིག་གི་རྩེད་འགྲན་ལ་འདུས་པའི་མི་ཚོགས་ལ་ཀློག་འདོན་བྱས་ནས་ཉན་པ་པོ་རྣམས་ཀྱི་ཡིད་སེམས་བཀུག་ནས་དགའ་སྤྲོའི་ཐལ་སྒྲ་ཡུན་རིང་པོར་བསྒྲགས་པར་བཤད།

བསྟན་བཅོས་འདི་ལ་རབ་བྱེད་དགུ་ཡོད་པ་ལས།  གྲོག་མ་གསེར་རྐོན་གྱི་གཏམ་རྒྱུད་ནི་རབ་བྱེད་གསུམ་པའི་ཚན་པ་བརྒྱ་དང་གཉིས་ནས་བརྒྱ་དང་ལྔ་བར་དུ་ཡིན།  འདིར་དྲ་ཐོག་ནས་རྙེད་པའི་དེའི་དབྱིན་འགྱུར་མ་ཞིག་ཁོལ་དུ་ཕྱུང་ནས་བོད་ཡིག་ཏུ་བསྒྱུར་ཡོད་ཅིང་།  དབྱིན་བོད་ཤན་སྦྱར་དུ་བཀོད་ཡོད་པ་གཤམ་གསལ་ལྟར་ཡིན་ལ།  དབྱིན་སྐད་མཁྱེན་པའི་དྲ་གྲོགས་རྣམས་ཀྱིས་འགྱུར་བཅོས་ཀྱི་དགོས་པ་གཟིགས་ན་དགོངས་འཆར་ལྷུག་སྩོལ་ཡོང་བ་ཞུ།

Latse