ཁྱོད་ངའི་ནར་སོན་གྱི་ལོ་ཟླ།

རྩོམ་པ་པོ། འབྲོང་། གཅན་མེ་སྟག
སྙན་སྒྲོན་པ། པད་མ་ཚེ་བརྟན

The Months and Years of Our Growing Up
Written by Drong and Chen Metak
Read by Pema Tseden

སྙན་ངག་ཟླ་བར། དེ་རིང་དམིགས་བསལ་སྙན་ངག་གྱེར་འདོན་པ་ཞིག་ཕེབས་ཡོད་པ་སྟེ། ཁོང་ནི་རྒྱལ་སྤྱིའི་ཐོག་མཚན་སྙན་ཆེ་བའི་བོད་རིགས་གློག་བརྙན་འཁྲབ་འཁྲིད་པ་རྒན་པད་མ་ཚེ་བརྟན་ལགས་རེད། ཁོང་གིས་ངེད་ཚོར་ཚང་མས་མཉེས་པོ་གནང་བའི་སྙན་ངག་གཅིག་གྱེར་འདོན་གནང་ཡོད། དེ་ནི་“ཁྱོད་དང་ངའི་ནར་སོན་གྱི་ལོ་ཟླ།”སྟེ་རྩོམ་པ་པོ་འབྲོང་དང་། ཅན་མེ་སྟག་ལགས་ཀྱི་བརྩམས་ཆོས་ཅིག་རེད། སྙན་ངག་དེའི་ནང་ལ་ཡིད་དབང་འཕྲོག་པའི་བོད་ཀྱི་སྣོད་བཅུད་ཡོངས་ཀྱི་ཡོན་ཏན་ལེགས་པར་བཀྲལ་ཞིང་། ལྷག་པར་དུ་བོད་ཀྱི་ཤེས་རིག་དཔལ་ཡོན་དང་རིག་གཞུང་གི་ཆེ་བ་རྣམས་ཤིན་དུ་སྙན་པའི་ཚིག་དང་དབྱངས་ལ་བསྐྱོན་ནས་བོད་མི་དང་བོད་ཀྱི་ཤེས་རིག་གི་དཔལ་ཡོན་ལ་དང་བའི་ངེས་པ་འདྲེན་པར་སྐུལ་འདེད་ཆེན་པོ་མཛད་པའོ།

We have a special guest for Latse’s Poetry Month today. Internationally-acclaimed director and writer Pema Tseden has recorded a recitation of one of his favorite poems to share with us all. The work, the two contemporary poets Drong and Chen Metak is entitled “The Months and Years of Our Upbringing,” and reflects on the beauty of the people and the land of Tibet, and cherishes the richness of Tibetan culture and civilization.


ཁྱོད་ངའི་ནར་སོན་གྱི་ལོ་ཟླ།།

རྩོམ་པ་པོ། འབྲོང་། གཅན་མེ་སྟག

ཧི་མ་ལ་ཡའི་མཚར་སྡུག་གི་
མཚམས་སྤྲིན་ཀློང་ནས
རྨ་འབྲི་རྫ་གསུམ་ལྷུང་ལྷུང་གི
རླབས་རྒྱུན་ཁྲོད་ནས
ཁྲི་ཤོར་རྒྱལ་མོའི་ངོ་མཚར་གྱི
ལོ་རྒྱུས་དབུས་ནས
ངའི་ཆེས་ཐོག་མའི་གདངས་དབྱངས་དང
གཟུགས་བརྙན
ཁྱེད་ཀྱི་ལྷད་མེད་པའི་སེམས་ཁོང་དུ
བཞད་ཅིང
ངའི་ཆེས་ཐོག་མའི་བསམ་གཞིགས་དང
གླུ་སྐད
ཁྱེད་ཀྱི་སྙིང་ཉེ་བའི་མིག་ལམ་དུ
འབུས་ཡོད

དུས་དེ་ནས་བཟུང་སྟེ
ངའི་འཇིག་རྟེན་གྱི
སྒོ་མོ་ཕྱེ་བའི་གསེར་མདོག་གི
ལྡེ་མིག་ཁྱོད་ཡིན་ལ
སྐབས་དེ་ནས་བཟུང་སྟེ
ངའི་བར་སྣང་གི
རྒྱ་ཁྱོན་གཞལ་བའི
ལང་ལོང་གི
སྤྲིན་ཕུང་ཁྱོད་ཡིན་འདུག

ང་ནི་འདི་ལྟར་སྐྱོ་དུབ་དང
རྣམ་དག་གི་སེམས་པས
ཁྱེད་ལ་བསྐྱོད་ཀྱིན་ཡོད
ང་ནི་འདི་ལྟར་བག་ཡངས་དང
ཕྱི་གསལ་ནང་གསལ་གྱིས
ཁྱེད་ལ་ཆས་ཀྱིན་ཡོད
ཁྱེད་ཀྱི་ས་གཤིན་མཉེན་མོའམ
ཁྱེད་ཀྱི་ཆོས་ཉིད་ཟབ་མོས
ང་ལ་རྟག་ཏུ
ཕ་ཡུལ་འདིའི་རུམ་ཁོང་དུ་སྦས་པའི
འཇིག་རྟེན་བཞིན་རྒྱ་ཆེ་ལ
འཇིག་རྟེན་བཞིན་གཏིང་ཟབ་པའི
མི་ཆོས་ལོ་རྒྱུས་ཀྱི
དྲན་ཤིང་འདེགས་སུ་བཅུག་ཅིང
སྐྱེ་ཁམས་དག་གཙང་གི
སྨོན་འདུན་འཚོལ་ཏུ་བཅུག

ཁྱེད་ནི
དེ་འདྲའི་ཞི་ཞིང་འཇམ་ལ
ཁྱེད་ནི
དེ་འདྲིའི་སྒམ་ཞིང་བརླིང
ཁྱེད་ནི
དེ་འདྲའི་ངང་རྒྱུད་རིང་ལ
ཁྱེད་ནི
དེ་འདྲའི་བརྗིད་ཅིང་མཛེས

ཕ་ཡུལ་ཨ་་་
མ་གཞིར
ཁྱེད་ནི
ངའི་བྲིས་མི་ཚར་བའི
སེམས་གཏིང་གི་སྐད་ཆ་དེ་ཡིན་འདུག
ཁྱེད་ནི
ངའི་བླངས་མི་ཚར་བའི
ངག་གི་དབྱངས་འགྱུར་ཏེ་ཡིན་འདུག
ཁྱེད་ནི
རྩ་བ་ཀླུ་ཡུལ་དུ་ཟུག་ཅིང
སྐེད་པ་མི་ཡུལ་དུ་རྒྱས་པའི
རྩེ་མོ་ལྷ་ཡུལ་དུ་སྨིན་པའི
འདོད་འབྱུང་གི
དཔག་བསམ་ལྗོན་ཤིང་དེ་ཡིན་འདུག

སོང་ཀྱིན་སོང་ཀྱིན་དུ
ངས་ཁྱེད་ཀྱི
ཕ་མཐའ་རྙེད་ཀྱིན་མི་འདུག་པ་ཤེས་བྱུང
བསྡད་ཀྱིན་བསྡད་ཀྱིན་དུ
ངས་ཁྱེད་ཀྱི་ཐུགས་དགོངས
གཏོགས་ཀྱིན་མི་འདུག་པ་ཡང་ཚོར་བྱུང
ཁྱེད་ཀྱི་མི་གཞིའི་ཟབ་ས་ན་འཚེར་བའི
འོད་ཀྱི་ཕུང་བོ་དེའི་དབང་གིས
ཁྱེད་ཀྱི་འདུ་ཤེས་ཕྲ་ས་ན་སྨིན་པའི
ཙན་དན་ལོ་མ་དེའི་རྐྱེན་གྱིས
ཁྱེད་ཀྱི་དད་པའི་ཕྱི་ལོགས་ན་འཛུམ་པའི
ཨུག་ཆོས་མེ་ཏོག་དེའི་སླད་དུ
ལོ་རྒྱུས་སྨུག་སྤྲིན་བཞིན་མཆེད་པའི་ཁ་སང
ཁྱེད་ཀྱི་ཁྱོན་ཆེ་བའི་ནམ་མཁའ་འདི་རུ
ང་ནི་ནམ་ཡང
འདར་འདར་ཏུ་འཕུར་བའི
བྱེའུ་ཆུང་ཞིག་ཡིན་སྲིད་ཀྱང
ཁྱེད་ཀྱི
རུམ་ཁོང་དྲོན་མོའམ
ཁྱེད་ཀྱི
ཐུགས་བརྩེ་ཟབ་མོས
ང་ལ་ནམ་ཡང
རྒྱང་བསྐྱོད་ཀྱི་བློ་སྤོབས་སྩོལ་བཞིན་མཆིས
ང་ལ་ནམ་ཡང
བསྐྱར་གསོན་གྱི་ནུས་ཤུགས་སྩོལ་བཞིན་མཆིས

ནར་སོན་གྱི་ལོ་ཟླ
འདི་དག་ནི
ཁྱེད་དང་ངའི་བྱིས་སྒྲུང་ཡིན་ལ
ཁྱེད་ངའི
དེ་རིང་དང་སང་ཉིན་ཡང
ཅི་ལ་མིན
ངས་དག་གཙང་གི
བོད་པའི་སྐད་གདངས་དབུས་ནས
ཁྱེད་ཀྱི
འདས་མ་ད་གསུམ་གྱི
ངོ་མཚར་དང་ཀྱོག་ཀྱོག
ཁྱེད་ཀྱི
འདས་མ་ད་གསུམ་གྱི
འཚོ་སྟངས་དང་དཀའ་སྡུག
ཁྱེད་ཀྱི
འདས་མ་ད་གསུམ་གྱི
རིག་གནས་དང་གོམས་འགྲོའི་ཡོད་ཚད
ཕུ་ནུ་མིང་སྲིང་ཚོའི་སྙན་ལམ་དུ
ཞུ་འབུལ་བྱེད་ཀྱིན་ཡོད

ངས་བར་སྣང་འཕྲིན་ལམ་གྱི
རི་མོའི་ལམ་ནས་ཀྱང
ཁྱེད་ཀྱི
འདས་མ་ད་གསུམ་གྱི
གྲུབ་འབྲས་དང་སྤྲོ་དགའ
ཁྱེད་ཀྱི
འདས་མ་ད་གསུམ་གྱི
ལོ་རྒྱུས་དང་དཔལ་ཡོན
ཁྱེད་ཀྱི
འདས་མ་ད་གསུམ་གྱི
འདུ་ཤེས་དང་ཁྱད་ཆོས་ཀྱང
ཕུ་ནུ་མིང་སྲུང་ཚོའི་སྤྱན་ལམ་དུ
གཟུགས་འབུལ་བྱེད་ཀྱིན་ཡོད་ཡ
དེའི་སྟབས་ཀྱིས
དུས་རབས་ཉེ་གཅིག་པའི་དེ་རིང
ཁྱེད་ཀྱི་དགའ་བ་ནི
ང་ཡི་གཟི་བརྗིད་ཀྱི་མིང་བྱང་དང
ཁྱེད་ཀྱི་འཛུམ་མདངས་ནི
ང་ཡི་མི་ཚེ་འདིའི
རིན་ཐང་ཁོ་ན་རུ་གྱུར

༡༠

རིན་ཐང་གི་བཟོས་བའི
མིང་བྱང་འདི་ནི
ང་དང་ངའི
ཁྱིམ་གཞིས་ཧྲིལ་བོའི་ངོ་གདོང་ལ་བྱུགས་པའི
གསེར་མདོག་གི་འོད་སྣང་ཡིན་ལ
རིན་ཐང་གི་བཟོས་བའི
མིང་བྱང་འདི་ནི
ངའི་སྐད་ཤུགས་མཐོ་རུ་འདེགས་པའི
བློ་སྤོབས་དང
ངའི་སྒལ་ཚིགས
དྲང་བོར་བསྲིངས་པའི་གཞི་རྩ་ཡིན
ཡང་གཅིག་བཤད་ན
རིན་ཐང་གི་བཟོས་པའི་མིང་བྱང་འདི་ནི
ང་ཁོ་ནར་དབང་བའང་མིན་ཏེ
འདི་ནི་ཕུ་ནུ་མིང་སྲིང་ཚོའི་མིག་ལམ་གྱི
ཁྱེད་དང་ངའི
གསལ་ཐག་ཆོད་པའི་གཟུགས་བརྙན་དང
ངོམ་དུ་རུང་བའི
གཅེས་ནོར་གཅིག་པུའང་མ་ཡིན་ནམ

༡༡

དེ་བས་ན
ངས་ད་དུང་ཕ་ཡུལ་དང
ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་ཚོ
མིག་གིས་འཚོས་ནས
སྙིང་གིས་སྒོམ་ནས
ངག་གིས་གླེང་ནས
ང་ད་དུང
ཁྱེད་ཀྱི་ཁ་ཏོག་བཀྲ་བའི
འཇིག་རྟེན་ཏུ་ཉུལ་དགོས
ང་ད་དུང
ཁྱེད་ཀྱི་རྒྱུ་འབྲས་འཛོམས་པའི
སེམས་ཁོང་དུ་ཉུལ་དགོས
ང་ད་དུང
ཁྱེད་ཀྱི་རྟེན་འབྲེལ་ཚང་བའི
ཁྱིམ་གཞིས་སུ་ཉུལ་དགོས

༡༢

དད་དགུའི་ལྷག་བསམ་གྱི་ཁ་བཏགས
སྔོན་ཏུ་བསྲིངས་བཞིན
ཡིད་ཆེས་བསླུ་མེད་ཀྱི་འཛུམ་མདངས
གདོང་ལ་འབྲི་བཞིན
རྟག་བརྟན་མི་འགྱུར་བའི་དམ་བཅའ
སྙིང་ལ་བཅངས་བཞིན
ངས་ཕ་ཡུལ་དང
ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་ཚོར
རོ་བཅུད་ཕུན་སུམ་ཚོགས་པའི་ཤེས་རིག་གི
ལོངས་སྤྱོད་ཅིག
ཐུན་མིན་ཁྱད་དུ་འཕགས་པའི་སྐྱེས་ཁམས་ཀྱི
མཛེས་སྡུག་ཅིག
སྣ་མང་རྨད་དུ་བྱུང་བའི་གླུ་གར་གྱི
མྱོང་རོལ་ཅིག
བསྐྲུན་འདོད་པ་མ་ཟད
ད་དུང
རྒྱལ་ཁམས་འདི་དང་འཛམ་གླིང་འདིའི
མཆོག་ཏུ་གྱུར་བའི་རིག་གནས་ཀྱི
ཉིང་བཅུད་ཅིག་ཀྱང
འཛད་མེད་དུ་བསྐྲུན་འདོད

༡༣

ཕ་ཡུལ་ཨ་་་
དོ་དགོང
ངས་ལུས་ལ་ཁུར་བའི
དུས་རབས་ཀྱི
ཁྲེས་པོ་དག
གནས་འདིར་ཕབས་ནས
ཡང་བསྐྱར་ཐེངས་གཅིག་ལ
ཁྱེད་ཀྱི་ཕང་བ་རུ
ངལ་གསོ་ཐེངས་ཤིག་བྱེད་འདོད

༡༤

ཕ་ཡུལ་ཨ་་་
དོ་དགོང
ངས་ངག་ལ་གྱེར་བའི
བླ་སྲོག་གི
འབོད་པ་དག
གནས་འདིར་བསྐྱུར་ནས
ཡང་བསྐྱར་ཐེངས་གཅིག་ལ
ཁྱེད་ཀྱི་བྱམས་བརྩེའི
བྱིལ་བྱིལ་ཐེངས་ཤིག་མྱོང་འདོད

༡༥

ཕ་ཡུལ་ཨ་་་
དོ་དགོང
ངས་ཡིད་ལ་བརྣག་པའི
ན་ཟུག་གི
རྨ་ཁ་དག
གནས་འདིར་སྦས་ནས
ཡང་བསྐྱར་ཐེངས་གཅིག་ལ
ཁྱེད་ཀྱི་ལོ་སར་གྱི
སྤྲོ་དགའ་ལ་ཐེངས་ཤིག་རོལ་འདོད

Tags: , , , , , , , , ,

Leave a comment
མཆན་འཇོག་རོགས་གནང་།

Your email address will not be published. Required fields are marked *

One comment

  • ཀླུ་སྨྱོན།

    གློག་བརྙན་པ་གྲགས་ཅན་པདྨ་ལགས། སྙན་ངག་གྱེར་བར་བཀའ་དྲིན་ཆེ་ཞུ

    April 29, 2020 at 2:12 pm Reply

Do NOT follow this link or you will be banned from the site!