རྣམ་ཤེས་ཕྲ་མོ།
ཆར་ཆུའི་ཁྲོད་ཀྱི་རྣམ་ཤེས།
ཁྲག་རྒྱུན་གྱི་རླབས་རིས།

སྙན་ངག་མཁན་དང་གྱེར་འདོན་པ། མུ་བ་ཆོས་འཛོམས།

Subtle Consciousness
Consciousness in the Rain
The Ripple in the Blood

— 3 poems written and read by Muwa Chödzom

མུ་བ་ཆོས་འཛོམས་ལགས་ནི་ལྷ་སར་བཞུགས་པའི་སྙན་ངག་མཁན་ཞིག་རེད། ཁོང་གིས་རྒྱུན་པར་བོད་ཡིག་དྲ་རྒྱའི་རྒྱུད་ལམ་ཐོག་སྙན་འཇེབས་ལྡན་པའི་རང་གི་སྙན་ངག་དེ་དག་རྒྱུད་སྤེལ་གནང་ནས་ཀློག་པ་པོ་ཚོར་སྤྲོ་སེམས་དང་སེམས་དཔངས་གོང་དུ་འདེགས་པར་མཛད། ད་རེས་སྙན་ངག་ཟླ་བར། ཁོང་གིས་ངེད་ཚོར་རང་རྩོམ་གསུམ་གྱེར་འདོན་གནང་ཞིང་། སྙན་ངག་དེ་དག་གིས་ཁོང་ས་ཕྱོགས་གང་དུ་ཕེབས་ཀྱང་རང་གི་མེས་པོའི་ཕུགས་རྒྱང་གི་རྣམ་དཔྱོད་དང་རིག་གཞུང་ལ་བཅངས་བའི་བརྩེ་བ་དང་། དྲིན་གཟོའི་བསམ་པ། དེ་བཞིན་མེས་པོ་དྲན་པའི་སྨེང་བ་བཅས་ལེགས་པར་མངོན་ཡོད། 

Muwa Chödzom is a Lhasa-based poet who regularly shares her poems to popular Tibetan-language social media forums. She sent us a recording with recitation of three of her works. They express her appreciation, reverence, and nostalgia for her Tibetan heritage, and for the profound wisdom, ingenuity and far-reaching vision of ancestors, imprints of which she encounters wherever she goes in Tibet.

རྣམ་ཤེས་ཕྲ་མོ།

གངས་ཆར་འདྲེས་མའི་དཔྱིད་གསར་གྱི་མཚན་མོ་འདིར། 
ལོ་ཟླ་ཡི་རི་མོ་བརྐོས་པའི་མི་ཚེ་འདིར། 
རྐང་ལམ་ཕྲ་མོ་ཀྱག་ཀྱོག་གིས་ཁེངས་པའི་མི་ཚེ་འདིར།
ལས་ངན་སྡིག་སྒྲིབ་ཀྱི་ཀློང་ན་འཚོ་བའི་མི་ཚེ་འདིར།
སྐྱོ་གདུང་ཕྲེང་བ་བཞིན་སྐོར་བའི་མི་ཚེ་འདིར།
ལེ་ལོས་གོས་བཞིན་བཀླུབས་པའི་མི་ཚེ་འདིར།
ལས་ཉོན་རི་ལྟར་སྤུངས་པའི་མི་ཚེ་འདིར།
རབ་རིབ་སྒྱུ་སྐར་བཞིན་གྱི་མི་ཚེ་འདིར།
སྐྱིད་སྡུག་འདྲེས་མའི་མིག་ཆུ་དབང་མེད་དུ་ཤོར་ཞིང་། 
ཁྱེད་དང་ང་ཡི་ལས་དབང་། 
ང་དང་ཁོང་གི་ལས་དབང་།
ཁ་བ་དང་ཉི་མའི་ལས་དབང་། 
མུན་པ་དང་ཟླ་འོད་ཀྱི་ལས་དབང་། 
གངས་ཆར་འདྲེས་མའི་མཚན་མོ་འདིར། 
སྐྱོ་གདུང་དང་འདྲེས་པའི་རྣམ་ཤེས་འདི། 
མུན་པ་ཡི་ཀློང་ནས་གང་སར་ཉུལ་བཞིན་གང་སར་གཡོ།


ཆར་ཆུའི་ཁྲོད་ཀྱི་རྣམ་ཤེས།

ང་རང་གང་ནས་ཡོང་མིན་མི་ཤེས་ལ།
གང་དུ་འགྲོ་མིན་དེ་བས་མ་ཤེས།
ཆར་ཆུའི་ཁྲོད་ན།
སྐྱིད་ཆུའི་འགྲམ་ན།
ཚོར་བ་ལང་ལོང་དུ་འཕྱུར་ཞིང་།
རྣམ་ཤེས་དྲི་བཞོན་བཞིན་ཉུལ།
རྒྱང་བསྐྱོད་ཀྱིས་གོམ་འགྲོས་བཏབ་བཞིན།
ངལ་དུབ་ཀྱིས་དབུགས་རིང་ཧལ།
ན་བུན་གྱིས་བརྒྱན་པའི་ས་འཛིན་དག་ལ།
ངའི་སྤུན་མཆེད་དག་གི་དྲན་པ་མང་དག་ཡོད་ལ།
རེ་བ་ཡང་ཡོད།
ནུབ་རིའི་རྒྱབ་ཀྱི་ཡུལ་གྲོང་ཞིག་ན།
ངའི་དྲན་པ།
ངའི་བརྩེ་དུང་།
ངའི་འབྱུང་རྩ།
ངའི་མ་འོངས་ཀྱང་ཡོད་སྲིད།
མཐོང་རྒྱུ་མེད་པའི་ངའི་རྣམ་ཤེས།
རེག་རྒྱུ་མེད་པ་ཡང་ངའི་རྣམ་ཤེས།
འོན་ཏང་།
དྲི་བཞོན་གྱིས་བསང་ལ་རི་མོ་བཀོད་པ་ལྟར།
རྣམ་ཤེས་ཀྱིས་ངའི་འཚོ་བར་རི་མོ་བཀོད།
ཆར་ཆུའི་ཁྲོད་ཀྱི་ང་རང་།
ང་རང་ཆར་ཆུའི་ཁྲོད་དུ་ཉུལ།


ཁྲག་རྒྱུན་གྱི་རླབས་རིས།

ལང་ལོང་དུ་འཕྱུར་བའི་ཟུངས་ཁྲག་དྲོན་མོ། 
སྙིང་རྩ་ནས་འཕར་བའི་ཟུངས་ཁྲག་དྲོན་མོ། 
འདི་ནི་ངས་ཁྱེད་ལ་བཅངས་པའི་དགའ་ཞེན་གྱི་མཚོན་བྱེད།
རིག་གནས་ཀྱི་བདུད་རྩི་འདི་ཚོར་དུས། 
ང་ནི་ཅི་འདྲའི་སྤོབས་པ།
ང་ནི་ཅི་འདྲའི་ཉམ་ཐག 
བརྗོད་ཐབས་བྲལ་བའི་ཚོར་བ།
ངར་སྒྲ་བསྒྲོགས་པའི་ཚོར་བ།
རི་རབ་དང་མཚུངས་པའི་སྙིང་སྟོབས་ཡོད་ལ།
གཙང་ཆུ་དང་འདྲ་བའི་ངང་རྒྱུད་དེ་བས་ཡོད།
ངའི་ཉམ་ཐག་གི་ཕུང་པོ་འདི་ལ།
སྟོབས་ལྡན་གྱི་རྣམ་ཤེས་ཤིག་ངེས་པར་ཡོད།
ངའི་ཉམ་ཆུང་གི་རང་གཤིས་འདི་ལ།
ངར་ཤུགས་ཀྱི་ལ་རྒྱ་དེ་བས་ཡོད།
འདི་ནི་ཁྱེད་ལ་བཅངས་པའི་དགའ་བས་འཁྲུངས།
འདི་ནི་ཁྱེད་ལ་ཞེན་པའི་བརྩེ་བས་སྐྱེས།
གངས་ལྗོངས་ཀྱི་མེས་པོ།
འདས་ཟིན་པའི་མཁས་དབང་རྣམས།
ངས་ཉིན་ལྟར་ཁྱེད་ཚོ་ཝ་ལེར་དྲན།
ངས་མཚན་ལྟར་ཁྱེད་ཚོར་དམ་བཅའ་ཕུལ།
ཁྱེད་ཚོས་བཞག་པའི་ཡོད་ཚད།
ངའི་ཚེ་གང་གི་དུས་ཚོད་སྤྱད་ནས།
གཅེས་སྤྲས་བྱེད་སྲིད་ལ།
ནུས་ཡོད་ཀྱིས་དར་སྤེལ་ལ་དེ་བས་འབད་སྲིད།
ནམ་ཞིག་ལ།
འགྱུར་མེད་ཀྱི་དམ་བཅའ།
གྲངས་མེད་ཀྱི་སྨོན་ལམ།
ཚད་མེད་ཀྱི་རེ་བ།
ལྷོད་མེད་ཀྱི་འབད་པ།
ངས་འགྱོད་མེད་ཀྱིས་ཁྱེད་ཚོར་རྗེས་འདེད་བྱེད།         

Tags: , , , , ,

Leave a comment
མཆན་འཇོག་རོགས་གནང་།

Your email address will not be published. Required fields are marked *

2 comments

  • ཀླུ་སྨྱོན།

    སྙན་མོ་བྱུང་།
    རྒྱང་རིང་གི
    སྙན་ངག་མ།

    April 23, 2020 at 1:54 pm Reply

  • Jamie Creek

    བརྩེ་བའི་མུ་བ་ཆོས་འཛོམས་ལགས།

    སྙན་ངག་རྨུད་དུ་བྱུང་བ་དེ་ཚོ་སྤེལ་གནང་པར་ཧ་ཅང་དགའཔོ་བྱུང་བ་དང་། ཐུགས་ཆེ་གནང་ཞུ་ཡག་ཡིན།
    ཆར་ཆུའི་ཁྲོད་ཀྱི་རྣམ་ཤེས་ཟེར་ཡག་གི་སྙན་ངག་གཉིས་པའི་ནང་ལ། “ན་བུན་གྱིས་བརྒྱན་པའི་ས་འཛིན་དག་ལ།”ཟེར་དུས།
    ས་འཛིན་ཟེར་ཡག་དེའི་དོན་དག་ག་རེ་རེད་དམ།

    སྨོན་འདུན་བཟང་པོ་དང་བཅས།
    བརྗེད་མི།

    May 5, 2020 at 11:25 am Reply

Do NOT follow this link or you will be banned from the site!