མི་ཚེའི་མངོན་གྱུར་གྱི་བདེན་པ།

སྙན་ངག་མཁན་དང་གྱེར་འདོན་པ། རྫ་སྐྱེས་ཕུར་བ།

The Obvious Truth of Life
Written and read by Dzakyé Purwa

དི་རིང་གི་སྙན་ངག་མཆོད་པ་འབུལ་མཁན་ནི་རྫ་སྐྱེས་ཕུར་བ་ལགས་ཡིན། རྫ་སྐྱེས་ཕུར་བ་ལགས་ནི་སྙན་ངག་མཁན་ཞིག་དང་། རྫ་ཆུའི་རླབས་སྒྲའི་དྲ་བ་༼changdrok.com). ༽གཙོ་གཉེར་བ་ཡིན། ཁོང་གི་སྙན་ངག “མི་ཚེའི་མངོན་གྱུར་གྱི་བདེན་པ།”ཞེས་པའི་ནང་ལ་གོམ་སྟབས་མགྱོགས་པའི་རང་གི་མི་ཚེའི་འགྱུར་འགྲོས་ནང་ནས་ཆོས་ཀྱི་མི་རྟག་པའི་མྱོང་བ་ལ་ངེས་ཤེས་ཟབ་མོ་སྐྱེས་ཏེ། ཡང་བསྐྱཪ་མི་ཚེའི་བཤུལ་ལམ་ལ་ཕྱིར་བལྟས་བསློགས་ནས། ཐོག་མར་རྫ་ཆུ་ཁ་ནས་ཐོན། བར་ལ་ཨ་མདོའི་རོང་བོ་དགོན་ཆེན་དང་། དེའི་རྗེས་གདན་ས་སེ་རར་སློབ་གཉེར་མཛད་པའི་གོ་རིམ། མཐའ་མ་བྱེས་ལ་ཕེབས་ནས་སློབ་གཉེར་དང་རིག་གཞུང་དོན་གཉེར་གནང་བའི་འགྱུར་ལྡོག་མངོན་གསལ་དོད་པའི་མི་ཚེ་དང་ཆོས་ཀྱི་མི་རྟག་པའི་བར་ལ་མྱོང་བའི་ཟམ་པ་ཞིག་བཏིངས་ཡོད། རྫ་སྐྱེས་ཕུར་བ་ལགས་གོ་སྐབས་ནམ་བྱུང་ལ་ཧི་མ་ལ་ཡའི་རི་གྲོང་དེ་དག་མྱུལ་ནས། བོད་ལས་མཆེད་པའི་གནའ་བོའི་གྲོང་སྡེ་དེ་དག་ནས་བོད་ཀྱི་ཤུལ་བཞག་རིག་གཞུང་འཚོལ་བར་མཛད་ཀྱི་ཡོད།

Today’s offering for Poetry Month is from Dzakyé Purwa, a poet who is also the founder of a popular website for Tibetan writers and poets, Waves of Dzachu རྫ་ཆུའི་རླབས་སྒྲ། (changdrok.com). 
In his poem, “The Obvious Truth of Life,”  he reflects upon his spiritual realization of life through an understanding of the meaning of impermanence, which is reflected in his own life’s path which took him from Dzachuka in Kham, to Rongbo Monastery in Amdo, to Sera Monastery in Lhasa, and then to India.  Dzakyé Purwa travels regularly in the Himalayan valleys in search of Tibetan cultural heritage among communities of the Tibetan descent.


མི་ཚེའི་མངོན་གྱུར་གྱི་བདེན་པ།

རྫ་སྐྱེས་ཕུར་བས་བརྩམས།

མི་སེམས་ཀྱི་སྤྲོ་བ་ནི་དུས་ཚོད་ཀྱི་བཀྲག་མདངས་དང་འབྲེལ་བ་མེད་དེ།
དུས་ཚོད་ནི་བསྐྱར་ཟློས་ཀྱི་གླུ་དབྱངས་དང་མཚུངས་ཤིང་། གོ་རིམ་ཧྲིལ་པོ་འགུལ་བསྐྱོད་ཀྱི་ཕྱི་རོལ་དུ་ཡོད། དུས་ཚོད་སླེབས་རྗེས་སྐད་ཅིག་གི་སྣང་བ་མི་རྟག་པར་འགྱུར་ལ། མི་ཚེ་དང་འཚོ་བ་གཏན་ཚིག་ལས་རྒྱང་དུ་འགྲོ། དེ་ནི་ཐམས་ཅད་རླབས་ཆེ་བའི་ཆོས་ཉིད་ཀྱི་རང་གཤིས་དང་ཉེ་བས་རེད་དེ། ཁྱོད་ཉིད་ཅི་ཙམ་བསྐྱོད་ཀྱང་དེ་ཉིད་གཞན་དབང་དུ་གཏོགས་པས་ཀྱང་ཅི་ལ་མིན།

འཁོར་འདས་གཉིས་ནི་ས་ཚུགས་གཉིས་ཏེ། ཁྱོད་ནི་འགྲིམ་འགྲུལ་ལས་རིགས་ཁྲོད་ཀྱི་གྲུ་མཁན་ཞིག་ཏུ་རློམ་ཆོག སྐྱེ་འཆི་གཉིས་ནི་དབྱར་དགུན་གཉིས་ཏེ། ཁྱོད་ནི་མངོན་ལྐོག་གཉིས་ལས་གྲུབ་པའི་མེ་ལོང་ཞིག་ཏུ་བལྟས་ཆོག

སྐབས་རེ་དར་ལྕོག་དེ་གཡོས་ནས་བུད་འགྲོ། སྐབས་རེ་དར་སྡོང་དེ་འགྱུར་ནས་བུད་འགྲོ། དེ་ནི་མི་ཚེའི་བདེན་པ་ཞིག་གོ།

ལེགས་བཤད་ཀྱི་ཁྲོད་དུ་དཀར་པོ་མང་ལ། གཞུང་ལུགས་ཀྱི་མདུན་དུ་དགག་སྒྲུབ་མང་། རེད་དེ། མི་ཚེའི་མངོན་གྱུར་ཁྲོད་ཀྱི་ཁྱོད་ནི་དེ་གཉིས་གང་ལ་གཏོགས་པ་མེད་དེ། རླུང་ནི་གཡོ་བ་ཙམ་དང་། གཟུགས་ནི་ཐོགས་རེག་ཉིད་ཀྱིས་གྲུབ་བོ། དེ་ནི་མི་ཚེའི་གཏན་ཚིག་ཅིག་གོ།

ཁ་སང་ཁ་སང་བཞིན་མཐོང་བ་ནི་རྟོག་བཏགས་ཤིག་དང་། དེ་རིང་དེ་རིང་དུ་མྱོང་བ་ནི་མངོན་གྱུར་ཞིག་རེད། རེད་དེ། ཁྱོད་ཀྱི་མཐའ་མའི་འབབ་སྟེགས་ནི་རྟོགས་བཏགས་མིན་ལ། མངོན་གྱུར་ཡང་མིན་ནོ།། དེ་ནི་མི་ཚེའི་གྲུབ་ཚུལ་ཞིག་གོ།

མེ་ལོང་དེ་སྐབས་རེ་གཞན་ལ་བདག་འདུག སྣང་བརྙན་དེ་སྐབས་རེ་རང་གི་ཡིན་འདུག དེ་ཡང་མི་ཚེའི་མྱོང་བ་ཞིག་གོ།

ཆུ་བོ་གཡས་ཕྱོགས་སུ་འབབ་དུས་ཁྱོད་རང་གྲུ་ཟུར་གྱི་རླབས་ལ་གཡེང་ཆོག དུང་སྒྲ་མདུན་ཕྱོགས་ནས་གྲག་དུས་ཁྱོད་རང་ངང་སྒུག་གི་རྟ་ཁར་འགྱུས་ཆོག ཐེ་ཚོམ་མེད་དེ། དེ་ཡང་མི་ཚེའི་མངོན་རྟགས་ཤིག་གོ།

ཤོག་བྱ་གནམ་ལ་འཕུར་དུས་རླུང་ནི་རབ་འདེགས་ཤིག་ཏུ་བསམ་ཆོག
ཀོ་གྲུ་ཆུ་ལ་བྱིང་དུས་གྲུ་ནི་བྱེད་པོ་ཞིག་ཏུ་བཟུང་ཆོག ཐེ་ཚོམ་མེད་པའི་བདེན་པ་ནི་མི་ཚེ་ཡིན་འོས། ཁྱོད་རང་བསྐལ་བརྒྱར་བརྟན་ཤོག ཁྱོད་རང་བསྐལ་བརྒྱར་ངང་གིས་བརྟན་ཤོག

2020/2/22

Tags: , , , , , ,

Leave a comment
མཆན་འཇོག་རོགས་གནང་།

Your email address will not be published. Required fields are marked *

Latse