ཁུ་སིམ་མེར།
ཆར་བ་ཤག་ཤག་འབབ་པའིཞོགས་པ་དེར།

སྙན་ངག་མཁན་དང་གྱེར་འདོན་པ། ལྕགས་མོ་འཚོ།

In Silence
The Shashasha Sound of Morning Rain

— 2 poems written and read by Chakmotso


ཟླ་བ་བཞི་པའི་མཐའ་མཇུག་གི་གཟའ་འཁོར་ནི། སྙན་ངག་ཟླ་བའི་གཟའ་འཁོར་མཐའ་མ་ཡང་ཡིན། དཀའ་ཚེགས་ཀྱི་དུས་སྐབས་འདི་ལ། ངེད་ཚོའི་སྙན་ངག་གི་བྱེད་སྒོ་འདིས་ལྷན་རྒྱས་ལ་བག་ཡངས་ཅུང་འཕེལ་བའི་རེ་སྨོན་ཞུ། དི་རིང་རྣམ་པ་ཚོས་དགའ་པོ་གནང་བའི་སྙན་ངག་མ་ལྕགས་མོ་འཚོ་ལགས་ཀྱི་བརྩམས་ཆོས་གཅིག་ངེད་ཚོའི་པོད་འཕྲིན་ལ་བཞག་ཡོད། ལྕགས་མོ་འཚོ་ལགས་ནི་ལ་རྩེའི་གྲོགས་པོ་རྙིང་པ་ཞིག་ཡིན་ཞིང་། ཁོང་གི་བརྩམས་ཆོས་ཀྱི་རྣམ་གྲངས་ཕུན་སུམ་ཚོགས་ཤིང་པར་སྐྲུན་ཡང་རྒྱ་ཆེ་བྱས་ཡོད། ཁོང་གིས་གཡུ་ཞུན་གྱི་སྨྱུག་མིང་འོག་ལ་སྙན་ངག་བྲིས་ཤིང་ཕ་ཡུལ་ཨ་མདོ་ནས་ཡིན། ད་ལྟ་ཨ་རིའི་ཝ་ཤིང་ཊོན་ས་ཁུལ་ལ་བཞུགས་ཡོད། ཁོང་གི་སྙན་ངག་དང་པོ་ “ཁུ་སིམ་མེར།”ནི་དམིགས་བསལ་ལ་རྩེའི་སྙན་ངག་ཟླ་བར་དམིགས་ནས་བྲིས་གནང་མཛད། སྙན་ངག་འདིའི་ནང་ལ་ད་ལྟའི་དཀའ་ཚེགས་འདིས་ཁོར་ཡུག་དང་འགྲོ་བ་མིའི་ལུས་སེམས་ལ་དཀའ་སྡུག་ཇི་ལྟར་སྤྲོད་བཞིན་པ་དེ་མངོན་པར་མཛད། ཁོང་གི་སྙན་ངག་གཉིས་པ། “ཆར་བ་ཤག་ཤག་འབབ་པའི་ཞོགས་པ་དེར།”་ཞེས་པའི་ནང་ལ། རྨི་ལམ་ཞིག་ལས་མཆེད་པའི་བྱམས་པ་དང་བརྩེ་བའི་ཚོར་བ་ལེགས་པར་གསལ་ཡོད། 

The last week of April means the final week of Latse’s Poetry Month.  We hope you have been enjoying these reflective literary moments during this often overwhelming times. We are excited to share a selection of readings from some of our favorite contemporary Tibetan poets and writers this week. 

Today’s reading comes from Chakmotso, a longtime friend of Latse. She is a prolific writer or poetry, prose, essays and news articles, which have been widely published. She writes poetry under the pen name of Yushon. Originally from Amdo, she currently lives in the Washington DC area.
In her first poem, “In Silence,” written especially for Latse’s Poetry Month, Chakmotso reflects on the current pandemic and how it has affected the whole world, physically and spiritually. 
Her second poem, “The Shashasha Sound of Morning Rain” muses on feelings of love and compassion. 


ཁུ་སིམ་མེར།

གཡུ་ཞུན

གློ་བུར་དུ། སུའི་བྱུས་ཉེས་ཀྱིས།
གདོན་ནད་འདི་ཐོན་བྱུང་།
གཟུགས་མེད། སྒྲ་མེད་། དྲི་མེད།
ཟླ་བ་ཁ་ཤས་ཀྱི་སྔོན་ལ་མིང་ཡང་མེད།
འདྲེ་ནད་འདི། ཚོར་མེད་ཤེས་མེད་ཀྱིས།

ད་ལྟ་འཛམ་གླིང་སྒང་གཟུགས་འདི་ལེབ་ཀྱིས་ཁེབས་ནས།
ཕོ་མོ་དང་རྒན་གཞོན། དབུལ་བོ་དང་ཕྱུག་པོ།
སྐད་ཅིག་སྐད་ཅིག་ལ་ཁྱུར་མིད་བཏང་།
གཟིགས་དང་།
ཕ་རོས་སིའི་ལྕགས་མདུང་ནས།ནིའུ་ཡོག་གི་ཊམ་སི་བཀེར་བར།
སྐྱེ་བོ་ཁྲི་ཁྲི་འབུམ་འབུམ་བསམ་ལོང་མེད་པར་བཅོམ།
མིའི་ཚེ་སྲོག་ནི་ཇི་འདྲའི་ཉམ་ཆུང་བ་ལ།

མཚན་ལ་གཟིམ་པ་མེད་པའི་ནིའུ་ཡོག་གྲོང་ཁྱེར་འདི
ད་ལྟ་སྲང་ལམ་སྟོང་སེང་ངེར། མཁར་རྫོང་དབེན་འཇགས་སེ།
ཁྱིམ་མཚེས་དང་ཁྱིམ་མཚེས་ཀྱང་།
སྤྱི་ཚོགས་རྒྱང་བཀྱེད་དང་ཁྱིམ་སྡོད་བཀའ་རྒྱའི་ཁྲིམས་ཁ་ན་ཁུ་སིམ་མེར།
ནམ་རྒྱུན་གྲོག་ཚང་བརྡོལ་བ་ལྟ་བུའི་མི་ཚོགས་དེ་ཚོ། ད་ལྟ་གཉོམ་དུང་ངེར།

སྐབས་འདིའི་མིའི་རིགས་ཀྱི་མགོན་དང་སྐྱབས་ནི།
རས་དཀར་ལྭ་བ་མནབས་པའི་སྨན་པ་དང་།
ཁ་རས་ཀྱིས་གདོང་ལ་རི་མོ་ཕབ་པའི་སྨན་ཞབས་མ་དེ་ཚོ་ལས་སུ།
སྲིད་ན་ཁྱེད་ཚོ་ལས་དཔའ་བོའི་རི་དར་འཐེན་ས་སུ་ཞིག་མཆིས།
ལག་ཟུང་ཐལ་མོ་སྦྱར་ནས་གུས་ཕྱག་ཁྱེད་ཚོར་འབུལ།

བྱི་བ་དགུན་གྱི་ཁུང་བུར་འཛུལ་ནས་གཉིད་པ་ཇི་བཞིན།
མི་རྣམས་སོ་སོའི་ཁྱིམ་ན་སྐྱོ་སུན་གདུང་བས་བཙུར།
དེ་རིང་བདེ་ན་སང་ཉིན་ཅི་འབྱུང་དངངས་འཚབ་ཁྲོད།
དཔྱིད་ཉི་རིང་མོའི་ཁབ་རྩེ་ཕྱིར་སྣུར་བྱས་བ་འདྲ།
སྐར་ཆ་རེ་རེ་ཚེ་སྲོག་རྨེག་མེད་བཅོམ་མཁན་འདྲེ་ནད་འདི།
འཇའ་ལྟར་ཡལ་ནས་དུས་བཟང་སྐལ་བ་མྱུར་དུ་ཤར་བར་ཤོག

2020-4-15

ཆར་བ་ཤག་ཤག་འབབ་པའི་ཞོགས་པ་དེར།

གཡུ་ཞུན།
བསྟུན་མར་ཉིན་ཤས་ལ་ཆར་བ་འབབ་མཚམས་མ་ཆད་པའི་སྔ་དྲོ་དེར།
ཆར་བ་སྔར་བཞིན་ཤག་ཤག་འབབ་པའི་ཞོགས་པ་དེར།
རྨི་ལམ་གྱི་མགྲོན་པོས་སྒོ་གླགས་ཡངས་མོ་ཐོལ་གྱིས་ཕྱེས་བྱུང་།
སྐད་ཅིག་ལ་དགའ་སྐྱོ་ཟུང་གི་ཚོར་བ་སྐྱེན་པོ་དེ་ཁྲག་རྩ་ཡོངས་ལ་བཞུར།
དགའ་སྐྱོའི་མཆི་མ་ཟོལ་གྱིས་མནན་ཏེ་རྒྱང་རིང་ལ་རྣ་བ་གླན།
གཏམ་རྒྱུད་ཅིག་གི་དྭངས་རྩེར་དྲངས་བ་མ་ཡིན་ཡང་།
ག་ལེར་སྙིང་རྩ་ལྷོག་ལྷོག་ཏུ་ལྡིང་བ་འཇགས་ཐབས་བྱས་ཀྱང་།
སྐྱེ་བ་སྔོན་མ་ཞིག་ལ་ཁྱེད་ནི་ང་དང་འབྲེལ་ཐག་ཉེ་བའི་ཉེ་བ་ཞིག
ཤ་ཉེ་སུ་ཞིག་དང་སྙིང་ཉེ་གང་ཞིག་གི་ལག་ཟུང་ཇི་བཞིན།
བརྩེ་བ་འཇམ་པོས་ངའི་གདོང་ལ་བྱིལ་བྱིལ་བྱེད་པ་ཚོར།
ངས་ཀྱང་ཧ་ཅང་རྒྱུས་ཡོད་ཀྱིས་ཁྱེད་ལ་གླགས་ཡུས་བཤད་ཀྱིན།
སྤྲིན་དཀར་གྱི་ཀློང་ལ་འཐིམ་པའི་རྒྱབ་གཟུགས་མོག་མོག་ཅིག
ནམ་ཡང་ངའི་རྨི་ལམ་གྱི་དབྱིངས་ན་འཕྱོ་ཞིང་རྒྱུ།

2017.05.14
རྒྱལ་ས་ཝ་ཞིན་ཀྲོན་ནས

Tags: , , , , ,

Leave a comment
མཆན་འཇོག་རོགས་གནང་།

Your email address will not be published. Required fields are marked *

Latse