ཨ་ཐང་ཆད་པའི་སྙན་ངག

སྙན་ངག་མཁན་དང་གྱེར་འདོན་པ། བེ་རི་འཇིགས་མེད།

A Poem of Weariness
Written and read by Beri Jigme

ངེད་ཚོས་གོ་སྒྲིག་ཞུས་པའི་སྙན་ངག་ཟླ་བ་ལ་མཉམ་ཞུགས་གནང་མཁན་གཅིག་ཤོར་གཉིས་ཤོར་དང་། གསན་པ་པོ་མང་པོས་མཉེས་པོ་གནང་བར་ང་ཚོ་སྤྲོ་བ་འཕེལ། འདིར་དམིགས་བསལ་ད་རེས་ལས་འགུལ་འདི་ལ་མཉམ་ཞུགས་གནང་མཁན་གྱི་སྙན་ངག་པ་རྣམ་པ་དང་། ཡིག་སྒྱུར་བ། གྱེར་ཀློག་པ་བཅས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་ཅག་གི་སེམས་འགུལ་ཐེབས་པའི་སྙན་ངག་དང་གྱེར་འདོན་གྱིས་མི་མང་པོར་སེམས་གསོ་དང་སེམས་ཤུགས་སྤར་བས་ངོ་མ་དོན་སྙིང་ལྡན་པའི་ལས་འགུལ་ཞིག་རེད་ཨང་། དཀའ་ཚེགས་ཆེ་བའི་དུས་ཚོད་འདིར་ང་ཚོས་ཁུ་སིམ་པའི་རྩོམ་རིག་གི་ཁོར་ཡུག་ཞིག་བསྐྲུན་ནས་ཚང་མར་ཐུགས་གསོ་བའི་མཐུན་རྐྱེན་ཞིག་བསྐྲུན་པའི་འབད་བརྩོན་མུ་མཐུད་བྱེད་ཀྱི་ཡིན། 

གསན་པ་པོ་རྣམ་པས་ཐུགས་འདོད་ཆེན་པོ་གནང་བ་བཞིན། འདིར་བརྩམས་ཆོས་འཕར་མ་ཞིག་ཕུལ་ཡོད། ད་རེས་ཀྱི་གྱེར་འདོན་གནང་མཁན་དང་རྩོམ་པ་པོ་ནི་ཝ་ར་ན་སིའི་ཆེས་མཐོའི་སློབ་གླིང་གི་སློབ་དཔོན་དགེ་བཤེས་བེ་རི་འཇིགས་མཆོག་ཡིན། ཁོང་གི་བརྩམས་ཆོས་འདི་ད་ལྟ་ང་ཚོ་ཚང་མ་ངེས་བརྟན་མེད་པའི་ཁོར་ཡུག་གཅིག་གི་ནང་ལ་དངངས་ཚབ་དང་སེམས་ཁྲལ་གྱི་ངང་ལ་གནས་བཞིན་པའི་དངོས་ཡོད་ཀྱི་ཚོར་བ་དང་དམ་པོར་འབྲེལ་ཡོད་པ་གོར་མི་ཆག 

དགེ་བཤེས་ལགས་ཀྱིས་བརྩམས་ཆོས་འགའ་ཤས་ཡུག་གཅིག་ཏུ་གྱེར་འདོན་གནང་ཡོད་པ་དང་། སྙན་ངག་དེ་དག་གི་ཡོངས་ཁྱབ་ཚབ་མཚོན་ཁ་བྱང་ནི། “ཨ་ཐང་ཆད་པའི་སྙན་ངག”ཞེས་པ་འདིས་འཐུས་སྙམ། གཙོ་བོ་རྒྱང་རིང་ས་མཐའི་ཡུལ་ནས་རང་ཡུལ་དྲན་པའི་གདུང་བའི་སྐྱོ་གླུ་ཡིན། སྙན་ངག་འདིའི་དབུ་ལ། ཁོང་གིས་རྒྱའི་སྙན་ངག་གྲགས་ཅན་པ། ལི་པའི་དང་རང་ཉིད་བསྡུར་ནས། “ཐང་གི་སྙན་ངག་མཁན་པོ་ལི་པའེ་(李白) ཁྱོད།། སྐྱོ་བའི་དུས་སུ་ཨ་རག་འཐུང་ན་ཆོག།། ས་མཐའི་གྲྭ་རྒན་སྐྱོ་བས་གདུང་ན་ཡང་།། སེམས་གསོའི་སྨན་ཞིག་མེད་པས་འཆི་ན་འདོད།།”ཅེས་རང་ཉིད་དགེ་འདུན་པ་ཞིག་ཡིན་པའི་སྟབས་ཀྱིས་ཐ་ན་ཆང་གི་སྐྱོ་རོགས་ལྡན་པའི་ལི་པའི་དང་ཡང་བསྡུར་ཐབས་བྲལ་བའི་གདུང་བ་མངོན་པར་བྱས་ཡོད། 

དགེ་བཤེས་བེ་རི་འཇིགས་མེད་ལགས་ནི་ཝ་ར་ན་སིའི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་རྩོམ་རིག་ཚན་པའི་སློབ་དཔོན་ཡིན་ཞིང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ཁོར་ཡུག་ནང་ལ། དཔྱད་གཏམ་པས་”ཁོང་ནི་དགེ་བཤེས་ཀྱི་མཚན་ཐོག་ནས་བརྩེད་དགའི་མྱོང་བ་བརྗོད་པའི་སྙན་ངག་འབྲི་ནུས་མཁན་གཅིག་ཡིན།”ཞེས་འགྲེལ་བཤད་བསྐྱོན་ཡོད། ཁོང་ནི་བརྗོད་བྱ་ཕུན་སུམ་ཚོགས་པའི་ཕྱག་དེབ་ཉི་ཤུ་ལྷག་གི་རྩོམ་པ་པོའི་བདག་ཉིད་ཅན་ཞིག་ཡིན་པ་དང་། ཁོང་གིས་བརྩམས་ཆོས་འདི་དག་བརྒྱུད་ཀློག་པ་པོ་རྣམ་པའི་ཐུགས་ལ་འགུལ་བསྐྱོད་ཐེབས་པར་ཐུགས་རེ་གནང་བཞིན་ཡོད། 

We are so pleased at the enthusiastic response we have received from so many of you for our Poetry Month in April. Our heartfelt thanks to all the amazing poets and translators who participated and sent us such moving and beautiful recordings. We hope that throughout this ordeal we are currently living through, we can continue to offer quiet literary moments of reflection from time to time.

And due to popular demand, let’s share another literary moment together– a new recording sent to us over the weekend by  Geshe Beri Jigme Wangyal of Varanasi. He sent us a work that, after weeks of staying in place with uncertainty and stress and the emotions this situation can generate, will no doubt resonate with many of us. 

Geshe la reads his multi-verse poem entitled “A Poem of Weariness,”  expressing his deep remorse at not being able to return home. He begins by saying, “While the great Chinese poet Li Bai could rely on wine to comfort himself in his melancholy, Geshe la being a monk, has no escape for this sadness. 

Geshe Beri Jigme is a famous poet and Professor of Literature at the Central University of Tibetan Studies in Varanasi. He is best known in Tibetan literary circles for being the “only romantic poet with a Geshe degree.” He has published over 20 books on a wide variety of subjects, and has said that he hopes his writings “have the potential to change people’s souls.”

ཨ་ཐང་ཆད་པའི་སྙན་ངག

བེ་རི་འཇིགས་མེད།

ཐང་གི་སྙན་ངག་མཁན་པོ་ལི་པའེ་(李白)ཁྱོད།།
སྐྱོ་བའི་དུས་སུ་ཨ་རག་འཐུང་ན་ཆོག།།
ས་མཐའི་གྲྭ་རྒན་སྐྱོ་བས་གདུང་ན་ཡང་།།
སེམས་གསོའི་སྨན་ཞིག་མེད་པས་འཆི་ན་འདོད།།

ལི་པའེ་གྲགས་པའི་ཐང་གི་སྙན་ངག་པ།།
སེམས་གསོའི་ཆང་གིས་ཚེ་སྲོག་ཆུ་ལ་བསྐྱལ།།
ས་མཐའི་གྲྭ་རྒན་ཆང་གིས་མི་སྐྱེལ་ཡང་།།
ལུས་འདི་སེམས་ཀྱིས་གྱེས་མཇལ་བྱས་ན་འདོད།།

སྙན་ངག་པས། 2018/9/19/

ཀ་ལ་དཱ་སའི་ཚེ་སྲོག་ཆང་མས་གཅོད།།
ལི་པའེ་སྲོག་ལ་ཆང་གིས་བཞི་ཤད་འཐེན།།
གྲྭ་རྒན་སྲོག་ཐག་ཆང་གིས་མི་གཅོད་ཀྱང་།།
སྐྱོ་སྣང་སྤྲིན་པས་ཚེ་སྲོག་སྒྲིབ་ངེས་སྙམ།།

སྙན་ངག་པས། ༢༠༡༩/༨/༢/

ཆོས་ནོར་གཉིས་ཀ་མེད་པའི་མྱི་འཁྱམས་ངར།།
ཕ་མས་གནང་པའི་རྐང་པ་ཆུང་ཆུང་གཉིས།།
འཛམ་གླིང་ཤར་ནུབ་གང་དུ་སྤོས་ན་ཡང་།།
ཕྱིར་མིག་ཅེར་ས་གངས་ཅན་བོད་ལ་ཡིན།།

སྙན་ངག་པས། ༢༠༢༠/༣/༡༣/

ལོ་ཟླ་ཞག་གི་ལྐོག་མདའ་རྣོན་པོ་ཡིས།།

མི་མངོན་སྲོག་གི་སྒོ་བྱང་གཏོར་ན་ཡང་།།

སེམས་ངོགས་བརྐོས་པའི་ཕ་སའི་རི་མོ་ནི།།
རྣམ་ཤེས་འཁྱམས་པའི་རླུང་དང་མཉམ་དུ་འགྲོགས།།

སྙན་ངག་པས། ༢༠༢༠/༣/༡༤/

ཉི་ཟླ་གྲངས་མེད་གནམ་གྱི་མཐའ་ནས་རྒས།།
ལོ་ཟླའི་རི་མོ་དཔྲལ་ངོས་བྲིས་པ་ན།།
ཕ་ས་དྲན་པའི་རྨི་ལམ་སྐྱུར་མོ་འདི།།
སེམས་ཀྱི་ངོགས་ན་རྡོ་རིང་བཞིན་དུ་ཟུག།

སྙན་ངག་པས། ༢༠༢༠/༣/༡༥/

སྟོང་སྡེ་དྲུག་ཅུའི་དམག་གི་ཀི་སྒྲ་ཡིས།།
གནམ་ས་ཁད་ཀྱིས་དབྲལ་པའི་གཡུལ་ས་ན།།
ཉི་ཟླ་སྐར་གསུམ་སྐྲག་ནས་བྲོས་པ་ཡི།།
མེས་པོའི་ཡིག་ཚང་གསལ་བའི་སྙན་ངག་འབྲི།།

སྙན་ངག་པས། ༢༠༢༠/༣/༡༦/

མཐོ་སྒང་རི་ལས་མཆེད་པའི་མྱི་རྒྱུད་འདིའི།།
སྔོན་གཤེགས་དཔའ་བོ་གཡུལ་སའི་ཁྲོད་དུ་ཤི།།
བུ་རབས་ཚ་རྒྱུད་འབུ་ལ་སྐྲག་ནས་གབ།།
མཇུག་འབྲས་ཅི་འོང་ད་དུང་སུ་ཡིས་ཤེས།།

སྙན་ངག་པས། ༢༠༢༠/༣/༡༧/

ཁོང་གི་རྒྱུ་ཆ་འདི་དག་ལ་པར་དབང་ཡོད་པས། ཁོང་གི་བཀའ་འཁྲོལ་མེད་པར་པར་སྐྲུན་དང་འགྲེམས་སྤེལ་བྱེད་མི་ཆོག 
Content subject to copyright. Please do not republish or distribute without permission. 

Tags: , , , , , ,

Leave a comment
མཆན་འཇོག་རོགས་གནང་།

Your email address will not be published. Required fields are marked *

Latse