ལ་རྩེ་ཚོགས་པ་ནི་ཅི་རེད།

ལ་རྩེ་ནི་ཁེ་བཟང་མི་གཉེར་བའི་501(c)(3)ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་འདིས་བོད་ཀྱི་སྐད་ཡིག་དང་ཡིག་རྨོངས་སེལ་བ་ལ་སྐུལ་འདེད་དང་། བྱིས་པར་སྐད་ཡིག་དང་རིག་གཞུང་ལ་འབྲེལ་བ་ཡོད་པའི་སློབ་གསོའི་རྒྱུ་ཆ་མཁོ་འདོན་བྱེད་པར་རྒྱབ་སྐྱོར།  དེ་བཞིན་མི་རབས་རྒན་གཞོན་ཚང་མར་མཐོ་རིམ་སློབ་གསོའི་གོ་སྐབས་སྤྲོད་པ་དང་། ཤེས་བྱའི་རྒྱུ་ཆ་གསར་བཟོ་དང་རྒྱུད་སྤེལ་བྱེད་པ་བརྒྱུད་ཤེས་བྱའི་མཐུན་རྐྱེན་སྦྱོར་བཞིན་ཡོད། 

ལ་རྩེས་ལོ་ངོ་༡༥ལྷག་རིང་འཛམ་གླིང་ནང་དེང་དུས་བོད་རིག་པའི་ལྟེ་གནས་གལ་ཆེ་ཤོས་ཅིག་གི་རྒྱབ་ལྗོངས་དང་། དེ་བཞིན་རིག་གཞུང་གི་ཞབས་ཞུའི་ཉམས་མྱོང་ལ་གཞི་བཅོལ་ནས་བྱ་བ་སྒྲུབ་བཞིན་ཡོད། ༢༠༠༣ལོར་དབུ་རྙེས་པ་ནས་བཟུང་། ལ་རྩེས་བོད་ཀྱི་དེང་དུས་ཀྱི་འཚོ་བའི་ཆ་ཤས་ཚང་མར་དམིགས་པའི་དམིགས་བསལ་རྒྱུ་ཆ་གསོག་ཉར་བྱས་པ་དང་། ལས་གཞི་སྣ་ཚོགས་སྤེལ་ཡོད། འདས་པའི་ལོ་ཤས་ནང་། ང་ཚོའི་དཔེ་མཛོད་ཀྱི་ཞབས་ཞུ་ཙམ་མ་ཟད། དེ་བཞིན་དེང་རབས་བོད་ཀྱི་རིག་གཞུང་འབུར་དུ་ཐོན་པའི་བྱེད་སྒོ་དང་སློབ་ཡོན་ལས་གཞི་ཁག་ལ་མི་མང་གི་དགའ་བསུ་ཐོབ་པ་མ་ཟད། ལ་རྩེས་ཤེས་ཡོན་ཅན་དང་། ཞིབ་འཇུག་པ། ད་དུང་རྒྱལ་ཁབ་མི་འདྲ་བའི་ཚོགས་པ་ཁག་གི་དབར་ལ་རིག་གནས་བརྗེ་ལེན་གྱི་མཐུན་རྐྱེན་བསྒྲུབས་པ་དེར་མི་མང་པོས་དགའ་མོས་བྱེད་བཞིན་ཡོད།  

བོད་དང་བོད་མིའི་སྤྱི་ཚོགས་ཁག་ལ་འབྲེལ་བ་དམ་པོ་ཡོད་པའི་དཔེ་མཛོད་ཤིག་གི་རྨང་གཞིའི་ཐོག  དེ་བཞིན་ཤེས་བྱ་དང་རྒྱུ་ཆ་མཉམ་སྤྱོད་བྱེད་པའི་ཆོད་སེམས་བརྟན་པོ་བཟུང་ནས། ༢༠༡༩ལོར་ལ་རྩེ་དཔེ་མཛོད་ནི་ལ་རྩེ་ཞེས་པའི་ཚོགས་པར་བསྒྱུར་ཡོད། དེས་ངེད་ཚོའི་དཔེ་མཛོད་ལས་བརྒལ་བའི་ལས་སྒོའི་ཁ་ཕྱོགས་དེ་མཚོན་ཡོད།  ངེད་ཚོའི་མིག་སྔའི་རྒྱུ་ཆ་ཁག་ལ་འཇུག་སྒོ་རྒྱ་བསྐྱེད་ཡོང་བར་འབད་བརྩོན་བྱེད་མུས་ཐོག དོན་དང་ལྡན་པའི་རྒྱུ་ཆ་མཁོ་འདོན་དང་གསར་སྒྲུབ་བྱེད་པར་རྒྱབ་སྐྱོར་དང་། ནུས་པ་ལྡན་པའི་ལས་འགུལ་སྤེལ་བ་བརྒྱུད་ནས་མུ་མཐུད་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་རེད།

དཔེ་མཛོད་ཅིག་གི་ངོས་ནས། ངེད་ཚོས་རྟག་ཏུ་སྐད་ཡིག་བཀོལ་སྤྱོད་དང་ཡིག་རྨོངས་སེལ་བའི་གནད་དོན་ལ་དོ་འཁུར་བྱེད་བཞིན་པ་མ་ཟད། ད་དུང་ཤེས་བྱའི་འཇུག་སྒོར་དོ་སྣང་བྱེད་བཞིན་ཡོད། བོད་མཐོ་སྒང་ལ་རོགས་སྐྱོར་བྱེད་པའི་ཁེ་གཉེར་མི་བྱེད་པའི་ཚོགས་པ་ཞིག་གི་ངོས་ནས། ང་ཚོས་བོད་མཐོ་སྒང་ལ་ཁེ་ཕན་ཆེ་ཤོས་དེ་གང་ཡིན་པ་རྩད་གཅོད་དང་ལག་ལེན་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད།  བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ལ་དཀའ་ངལ་ཇེ་ཆེར་འགྲོ་བཞིན་སྟབས། ངེད་ཚོའི་ཞིབ་འཇུག་དང་ཉམས་མྱོང་ལ་བརྟེན་ནས་ཡིག་རྨོངས་སེལ་བའི་བྱེད་སྒོ་ཇི་ལྟར་སྤེལ་ཐུབ་བམ། དགེ་རྒན་དང་ཕ་མར་སློབ་ཁང་དང་ཁྱིམ་ཚང་ནང་ལ་སྐད་ཡིག་བཀོལ་སྤྱོད་ཀྱི་བདམ་ཁ་བྱེད་པར་དཀའ་ངལ་འཕྲད་སྐབས། ངེད་ཚོས་་ཁ་ཡོད་ལག་ཡོད་ཀྱི་ཁོང་ཚོར་རོགས་རམ་གང་བྱེད་ཐུབ་བམ། མ་འོངས་པའི་མི་རབས་གསར་པ་རྣམས་དང་། སྤྱི་ཚོགས་ཐོག་གི་འགོ་ཁྲིད་རྣམས་ལ་སེམས་ཤུགས་ཇི་ལྟར་སྤེལ་ལམ། ང་ཚོའི་དཔེ་མཛོད་ཀྱི་རྒྱུ་ཆ་དེ་དག་རྒྱ་ཆེའི་མི་མང་རྣམས་ལ་ཇི་ལྟར་མཁོ་སྤྲོད་བྱེད་དམ། 

ལ་རྩེ་ནི་འདི་རེད། ཁྱེད་རྣམས་ཀྱིས་ངེད་ཚོའི་འགྲུལ་བཞུད་རིང་མོ་དེར་་མཉམ་ཞུགས་དང་ངེད་ཚོའི་ལས་ཀར་རྒྱབ་སྐྱོར་གནང་བའི་རེ་བ་ཞུ། 

 

Latse
Photo courtesy of Khando Tsering

ལ་རྩེ་ཟེར་ན་གང་ལ་གོ

ལ་རྩེས་སྔ་ཕྱི་བར་གསུམ་ལ། བོད་ཀྱི་དེང་རབས་ཀྱི་རྣམ་གྲངས་མང་བའི་འཚོ་བའི་རྣམ་པ་སྟེ། ཉིན་རེའི་འཚོ་བའི་གོམས་གཤིས་ནས་རི་མོའི་སྒྱུ་རྩལ་བར་དང་། སྐད་ཡིག་སྒྱུ་རྩལ་ནས་སློབ་གསོ་དང་སློབ་ཡོན་བར་ལ་རོགས་རམ་བྱེད་པར་གན་འཁུར་ལེན་བཞིན་ཡོད། ངེད་ཚོའི་མིང་དང་རྒྱབ་ལྗོངས་ཀྱིས་གོང་གི་དམིགས་ཡུལ་དང་ཁ་ཕྱོགས་རྣམས་བསྟན་ཡོད། 

 ལ་རྩེ་ནི་ལ་མཐོན་པོའི་རྩེ་དང་ས་མཐོན་པོར་གོ་བའི་ཐ་སྙད་ཅིག་ཡིན།  ལ་རྩེའི་གོ་བ་གཞན་པ་ཞིག་ནི་བོད་མཐོ་སྒང་གི་ཁུལ་ལ། ལའི་རྩེ་དང་ས་སྒང་མཐོན་པོའི་རྩེ་ལ་རྡོ་མང་པོ་སྤུངས་པ་མཇལ་རྒྱུ་ཡོད། ཁྱེད་བོད་ཁུལ་དང་ཧི་མ་ལ་ཡའི་ས་ཁུལ་ལ་ཕེབས་སྐབས། ལའི་རྩེ་ལ་རྡོ་མང་པོ་བརྩིགས་ཡོད་པ་དང་། ས་ཆ་འགའ་ཤས་ལ་དེ་ཚོའི་སྟེང་ལ་སྔ་མོའི་ཤིང་གི་མདའ་དང་དུང་། དེ་བཞིན་མཚོན་མདངས་ལྡན་པའི་དར་ལྕོག་དང་ཁ་བཏགས་སོགས་བསྐོན་པ་མཇལ་རྒྱུ་ཡོད། གོང་གི་བརྟེན་དེ་ཚོར་ཡང་ལ་རྩེ་ཟེར། 

 རི་དང་ལ་མཐོན་པོ་དེ་དག་གི་སྟེང་ལ་ལ་རྩེ་བཞེངས་ནས། གཞི་བདག་གི་ལྷ་བྱེ་བྲག་པ་ཞིག་ལ་མཆོད་པ་འབུལ་བའི་ཆོ་ག་མཚོན་པར་བྱེད།  ལ་རྩེ་འགའ་ཤས་ནི་གཞི་བདག་གི་གནས་ཁང་ལྟ་བུར་རྩིག་རྨང་ཤིན་དུ་བརྟན་པོ་དང་བཏིངས་ཡོད། རྩིག་རྨང་དེ་དག་གི་སྟེང་ལ་གཞི་བདག་གི་ལྷ་ལ་འབུལ་བྱེད་ཀྱི་མཆོད་པ་སྣ་ཚོགས་ཏེ། འབྲུ་རིགས་དང་། མདའ། གོ་ཚོན། དེ་བཞིན་ཞལ་ཟས་ལ་སོགས་པའི་མཆོད་པ་རྣམས་བཤམས་ཡོད། 

གོང་གི་ལ་རྩེ་དེ་དག་མཇལ་བའི་སྐབས་ལ་འགྲུལ་པ་ཚོས་རྡོ་དང་ཁ་བཏགས་ལ་རྩེའི་སྟེང་འཇོག་སྲོལ་ཡོད། སྡེ་པ་འགའ་ཤས་ལ་མི་ཚང་མ་མཉམ་བཞུགས་ཐོག་ལ་རྩེའི་དུས་ཆེན་རྒྱས་པོ་གཏོང་སྲོལ་ཡང་ཡོད།  ལ་རྩེ་བཞེངས་སྟངས་འདི་ཆོས་ལུགས་གྲུབ་མཐའ་སོ་སོར་མི་འདྲ་བ་ཡོད། འོན་ཀྱང་བོད་པ་མང་ཆེ་བས་དེ་རྩ་ཆེན་ཞིག་ཡིན་པར་འདོད། ཆོ་ག་དེ་ནང་ཆོས་མ་དར་སྔོན་ནས་ཡོད་ཅིང་།་ད་ལྟ་བར་ཉམས་མེད་གནས་ཡོད་དོ། 

 ངེད་ཚོས་བོད་ཀྱི་ནང་དོན་ཕུན་གསུམ་ཚོགས་ཅིང་གོ་རྒྱུ་ལྡན་པའི་སྲོལ་རྒྱུན་གྱི་མཚོན་བྱེད་འདི་བཀོལ་ནས། ངེད་ཚོའི་ལས་ཀའི་ལྟ་བ་དང་ལག་ལེན་མཚོན་ཐབས་བྱས་ཡོད་ཅིང་། དེ་ནི་དེང་རབས་བོད་ཀྱི་རིག་གཞུང་དེ་དག་འདས་པའི་རིག་གཞུང་ནང་ནས་འབུར་ཐོན་བྱུང་བ་དང་། བོད་ཀྱི་འཚོ་བའི་ཆ་ཤས་གལ་ཆེ་དེ་དག་མུ་མཐུད་གནས་པ་དང་། རྒྱུད་སྤེལ་ཡོང་བར་ཚང་མས་རྒྱབ་སྐྱོར་བྱེད་དགོས་པ་དེ་ཡིན། མ་ཟད། ང་ཚོས་ལྷན་རྒྱས་རི་མཐོན་པོའི་རྩེ་ནས་ལ་རྩེ་ཞིག་མཇལ་དུས། དེའི་སྟེང་རྡོ་གཅིག་བཞག་པ་ལྟར། ང་ཚོ་དང་མཉམ་དུ་ལས་ཀ་བསྒྲུབ་པར་བསུ་བ་ཞུ་བཞིན་ཡོད། ཁྱེད་ཅག་གིས་ངེད་ཚོའི་རྒྱུ་ཆ་བཀོལ་བ་དང་། ཚོགས་འདུར་བཞུགས་པ། མཉམ་འབྲེལ་གྱི་ལས་ཀ་བསྒྲུབ་པར་བསམ་ཚུལ་འདོན་པ། དེ་བཞིན་ངེད་ཚོའི་ལས་ཀར་ཞལ་འདེབས་གནང་བར་དགའ་བསུ་ཞུ་བཞིན་ཡོད། ངེད་ཚོས་ཤེས་བྱ་དང་ལག་རྩལ། ན་གཞོན་གསོ་སྐྱོང་། དགོས་ངེས་ཅན་ལ་རོགས་སྐྱོར་བྱེད་པའི་བྱ་བ་མཉམ་སྒྲུབ་བགྱིས་ནས་ང་ཚོ་མཉམ་དུ་ལ་རྩེ་དེ་གོང་དུ་འདེགས་པའི་རེ་འདུན་ཞུ།

Do NOT follow this link or you will be banned from the site!