ལ་རྩེ་དུས་དེབ་བམ་པོ་བརྒྱད་པའི་ ༼༢༠༡༤-༢༠༡༥༽ནང་ལ་གཙོ་བོ་བོད་ཀྱི་དུས་དེབ་ཀྱི་འཕེལ་རིམ་ལོ་རྒྱུས་ལ་ཉམས་ཞིབ་བྱས་ཡོད། དེའི་ནང་ལ་དགེ་འདུན་རབ་གསལ་ལགས་དང་ཨི་སི་རུན་ཨེན་གེལ་ཧར་ཌི། ཚེ་དབང་རྟ་མགྲིན་ལགས་སོགས་ཀྱི་དུས་དེབ་འཕེལ་རིམ་སྐོར་གྱི་ཞིབ་འཇུག་རྩོམ་ཡིག་སྤེལ་ཡོད་པ་དང་། པད་མ་འབུམ་ལགས་ཀྱིས་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་འཁུར་བླངས་ཡོད། ང་ཚོས་ད་དུང་ཐེངས་འདིའི་དུས་དེབ་ནང་ལ་ཨུ་རུ་སུའི་མི་རིགས་རྡོ་རྗེ་ཡིབ་ཀྱི་རང་རྣམ་མཉམ་དུ་བཏོན་ཡོད། ཁོང་ནི་བོད་ཀྱི་དེང་རབས་ལོ་རྒྱུས་ནང་གི་མི་སྣ་གལ་ཆེ་ཞིག་ཡིན། དེ་བཞིན་ཕ་རན་སིའི་ཆོས་དབྱིངས་དབང་མོ་ལགས་ཀྱིས་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གསར་པ་དེར་བསྐྱར་ཞིབ་གནང་བའི་རྩོམ་ཡིག་ཞིག་དང་། སུའུ་བཟན་མེན་ཧེ་ཐྲི་ནས་ང་ཚོའི་དུས་དེབ་ཀྱི་ཆེད་བསྒྲིགས་ལེ་ཚན་གསར་པ། “བོད་ཡིག་དཔེ་མཛོད་ཀྱི་དོ་ར།”ཞེས་པའི་ལེ་ཚན་གྱི་དབུ་འབྱེད་རྩོམ་ཡིག་ལྟ་བུར་ཨ་རིའི་རྒྱལ་ཚོགས་ཀྱི་དཔེ་མཛོད་ཁང་གི་ཨེ་ཤེ་ཡ་སྡེ་ཚན་གྱི་བོད་ཡིག་རྒྱུ་ཆ་ངོ་སྤྲོད་གནང་ཡོད་དོ།་ 

Latse