You are here

ཨན་དྲི་ཡ་ སོ་རོ་སི།

ཨན་དྲི་ཡ་ སོ་རོ་སི།

ཚོགས་འདུ་སྒོ་འབྱེད་ཀྱི་གཏམ་བཤད་དང་གསུང་འཕྲིན།

ཨན་དྲི་ཡ་ སོ་རོ་སི།

རྣམ་པ་ལྷན་རྒྱས་ལ་རྩེ་དེང་རབས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་ལ་དགེ་འདུན་ཆོས་འཕེལ་གྱི་རྗེས་དྲན་ཚོགས་འདུ་ལ་ཕེབས་པར་དགའ་བསུ་ཞུ་གི་ཡོད། དཔེ་མཛོད་ཁང་འདི་ནི་ད་ལོའི་སྤྱི་ཟླ་གསུམ་པའི་ནང་ལ་སྒོ་འབྱེད་བྱས་ཤིང་། ད་རེས་ཀྱི་ཚོགས་འདུ་འདི་ནི་དཔེ་མཛོད་ཁང་འདི་ལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་ཚོགས་པ་ཐེངས་དང་པོ་ཡིན། དགེ་འདུན་ཆོས་འཕེལ་ནི་མཁས་པ་དང་། རྩོམ་པ་པོ། རི་མོ་པ། མཚན་ཉིད་པ། གསར་རྟོགས་ཀྱི་ཐུགས་སྟོབས་དང་ལྡན་པ། ཆབ་སྲིད་ཀྱི་གོ་རྟོགས་དང་ལྡན་པ། རྩོད་གཞི་ཅན་གྱིབསམ་བློ་པ་བཅས་ཡིན་པའི་ཆ་ནས་ཁོང་ལ་དོ་སྣང་རྒྱ་ཆེན་པོ་བྱུང་ཡོད། ཁོང་ནི་ཆོས་ལ་སྦྱང་བ་ཐོན་ཞིང་། སྲོལ་རྒྱུན་གྱི་ནང་དུ་སིམ་ཡང་སྲོལ་རྒྱུན་དང་ཁ་གཏད་དུ་ལངས་ཡོད། ཁོང་ཡུལ་ཁམས་རྒྱ་ཆེན་པོར་མྱུལ་ཞིང་། ཁོང་གིས་རང་གི་རྒྱ་ཆེ་བའི་བསམ་བློ་དང་སྐུ་ཡོན་བརྗོད་གཞི་སྣ་ཚོགས་ལ་བེད་སྤྱོད་གནང་ཡོད། ཁོང་ནི་རྒྱུན་དུ་བོད་ཀྱི་དེང་རབས་ཀྱི་མཁས་པ་དང་པོར་ཆ་འཇོག་དང་། བོད་ཀྱི་དེང་རབས་ཟེར་བ་དེ་ཅི་ཞིག་ཡིན་པ་འཚོལ་སྐབས་ཁོང་ནི་གྲོས་བསྡུར་དང་རྩོད་གླེང་གི་ལྟེ་བར་གྱུར་ཡོད། ལ་རྩེ་དཔེ་མཛོད་ཁང་གིས་དེང་རབས་ཀྱི་བོད་ཀྱི་སྤྱི་ཚོགས་ཀྱི་སྣ་མང་ཕུན་ཚོགས་ཀྱི་ངོ་བོ་དེ་སྟོན་ཐབས་དང་། དེ་ལ་འཚོལ་རྟོགས་དང་ལོངས་སུ་སྤྱོད་སའི་གནས་ཤིག་མཁོ་འདོན་བྱེད་པ་ལ་འབད་བརྩོན་བྱེད་ཀྱི་ཡོད། དགེ་འདུན་ཆོས་འཕེལ་གྱི་དགོངས་གཞི་དང་དཔེ་མཚོན་གྱིས་དེང་རབས་བོད་ཀྱི་སྤྱི་ཚོགས་སྐྲུན་མཁན་དང་དེའི་རྣམ་པ་ཐོན་པ་ལ་གདོང་ལེན་བྱེད་མཁན་རྣམས་ལ་རྒྱུད་སྐུལ་ཐོབ་ཡོད། དེའི་སྟབས་ཀྱིས་ངས་ང་ཚོའི་ཚོགས་འདུའི་མཐུན་རྐྱེན་བེད་སྤྱོད་གཏོང་ས་དེ་འདི་ལས་ལྷག་པའི་འཚམས་པའི་གནས་ཤིག་མེད་པར་མཐོང་གི་ཡོད།

ཚོགས་འདུ་འདིར་ཞིབ་འཇུག་མཁས་པ་དང་། དགེ་འདུན་ཆོས་འཕེལ་དང་ཞལ་ཚོར་མཁན། ཕུལ་དུ་བྱུང་བའི་སྐྱེ་བོ་འདིའི་མཛད་རྗེས་ལ་སྒེར་ངོས་ནས་ཞིབ་འཇུག་བྱེད་རྒྱུར་དོ་སྣང་ཡོད་མཁན་དང་ལེགས་སྐྱེས་འབུལ་མཁན་བཅས་གདན་འཛོམས་བྱུང་ཡོད་པ་རེད། རྣམ་པ་ལྷན་རྒྱས་རྒྱལ་ཁབ་འདྲ་མིན་ནས་ཚོགས་འདུ་འདིར་ཕེབས་པ་རེད། དཔེ་མཛོད་ཁང་འདི་ནི་རྒྱལ་སྤྱིའི་སྟེང་གི་མི་ཚེའི་ཉམས་མྱོང་འདྲ་མིན་བརྒྱུད་ནས་ཡོང་མཁན་དང་ཆེད་ལས་འདྲ་མིན་གྱི་མི་རྣམས་ནས་བོད་ཀྱི་རིག་གཞུང་གི་ཐད་ལ་འདྲི་རྩད་དང་ཤེས་རྟོགས་བརྗེ་རེས་བྱེད་ས་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་བཞིན་ཡོད། ཚོགས་འདུ་འདི་ནི་ཤེས་རྟོགས་བརྗེ་རེས་བྱེད་པའི་ཆ་ཤས་ཤིག་ཡིན་ལ། ཚོགས་ཞུགས་པ་འདི་འདྲའི་མང་པོ་ཕེབས་པ་མཐོང་སྐབས་ང་རང་དགའ་སྤྲོ་ཆེན་པོ་བྱུང་། ང་རང་གིས་དྲང་པོར་བཤད་ན་འདི་འདྲའི་ཚོགས་ཞུགས་པའི་གྲངས་འབོར་ནི་ང་རང་གི་བློ་ཡུལ་ལས་འདས་པ་ཞིག་རེད། ངས་འདིར་ཚོགས་འདུ་འདིའི་འགྲེམས་སྟོན་གྱི་ཆ་ལ་དགེ་འདུན་ཆོས་འཕེལ་གྱི་སྐུ་རྫས་ཏེ། ལྗགས་རྩོམ་དང་རི་མོ་སོགས་གཡོར་གནང་མཁན་རྣམས་ལ་ཆེད་དུ་ཐུགས་རྗེ་ཆེ་ཞུ་གི་ཡོད། དམིགས་བསལ་གྱིས་ད་བར་དུ་ཤེས་རྟོགས་བྱུང་མེད་པའམ་བོར་བརླག་ཏུ་སོང་བར་སྙམ་པའི་དགེ་འདུན་ཆོས་འཕེལ་གྱི་རི་མོ་གྲངས་ཉེར་བདུན་འདིར་འགྲེམས་སྟོན་བྱེད་ཀྱི་ཡོད་པ་ཁྱབ་བསྒྲགས་བྱེད་པར་ང་རང་དམིགས་བསལ་གྱིས་དགའ་བོ་བྱུང་། འདིར་གདན་འཛོམས་པའི་མཁས་མྱོང་ཅན་འདི་འདྲ་མང་པོ་ཞིག་གདན་འཛོམས་པའི་སྟེང་ལ་དམིགས་བསལ་གྱི་རི་མོ་སྐོར་ཁག་འདི་བསྣན་པས་ཚོགས་འདུའི་ཡུན་གྱི་ཉིན་ཤས་དེ་བརྗེད་མི་ཐུབ་པ་ཞིག་ཏུ་འགྱུར་རྒྱུ་ངེས་ཅན་དུ་གྱུར་བ་རེད།