You are here

ཧོར་གཙང་འཇིགས་མེད།

ཧོར་གཙང་འཇིགས་མེད།

ངས་སྐད་ཆ་ག་འདྲ་ཞིག་མགོ་འཛུགས་འདོད་སྐྱེས་བྱུང་ཟེར་ན། འགྲེལ་བཤད་དམིགས་བསལ་དེ་འདྲ་རྒྱག་དགོས་དོན་མི་འདུག་སྟེ། དགེ་འདུན་ཆོས་འཕེལ་བོད་གཞུང་གི་བཙོན་ཁང་དུ་བཅུག་ནས་ཡོད་དུས་ཁོང་གིས། ང་ད་ལྟ་བཙོན་ཁང་ཡ་ང་བ་འདི་འདྲ་ཞིག་གི་ནང་དུ་གནས་སྟངས་དཀའ་ལས་ཁག་པོ་ཞིག་གི་ངང་ལ་ཚུད་དེ། བཙོན་ཁང་ཕྱི་ལོགས་ཀྱི་འོད་སྣང་ཙམ་ལའང་རེ་བོ་ཆེན་པོ་རྒྱབ་ནས་སྡོད་དགོས་པའི་དུས་ཚོད་ཅིག་ཆགས་ཡོད་པ་རེད། ཡིན་ནའང་ཉི་མ་གཅིག་ལ་བདེན་པ་དཀར་པོའི་མཐའ་གསལ་བའི་དུས་ཚོད་ཅིག་འཆར་རྒྱུ་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད། ཅེས་ཁོང་གིས་བཙོན་ནས་བླངས་པའི་མགུར་ཞེས་པའི་ནང་དུ་དེ་འདྲའི་ཚིག་བཅད་གཅིག་ཡོད་བསམ་སོང་། ཚིག་ཇི་མ་ཇི་བཞིན་དྲན་གྱིན་མི་འདུག ངས་འདི་ཞུ་དགོས་དོན་གང་ཡིན་ཟེར་ན། དེ་རིང་ཀུན་ཕན་ཐེབས་རྩ་ཚོགས་པ་དང་། ལ་རྩེ་དཔེ་མཛོད་ཁང་གིས་གོ་སྒྲིག་བྱས་ནས་རྒྱལ་སྤྱིའི་ཐོག་གི་ལས་རིགས་དང་མི་རིགས་མི་འདྲ་བའི་མཁས་པ་དང་རྒྱུས་ཡོད་མང་བོ་ཞིག་མཉམ་དུ་འཛོམས་ནས། དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེ་དང་ཕྱག་ལས། བརྩམས་ཆོས་སོགས་ཀྱི་སྐོར་ལ་དཔྱད་བརྗོད་དང་ཚད་མཐོའི་གདེངས་འཇོག་གནང་གིན་ཡོད་པ་རེད། གནས་ཚུལ་འདི་ལ་བསམ་ན་སྔར་ཁོང་གིས་བཙོན་ནས་བླངས་པའི་མགུར་དུ་གསལ་བའི་བདེན་མཐའ་གསལ་བའི་གྲུབ་འབྲས་དེ་ཤར་བ་རེད་བསམ་གྱིན་འདུག

ད་ང་ལ་སྐར་མ་ལྔ་དྲུག་ཅིག་ལས་དུས་ཚོད་མང་བོ་མ་ལྷག་པ་དང་། ལ་རྩེ་དཔེ་མཛོད་འགན་འཛིན་མཆོག་ནས་དེ་རིང་གི་ཚོགས་འདུ་འདིའི་སྟེང་བརྗོད་གཞི་ངེས་གཏན་མེད་པར་དགེ་འདུན་ཆོས་འཕེལ་དང་འབྲེལ་བའི་དོན་གནད་གང་ཡང་གླེང་ཆོག་པར་གསུང་གིན་ཡོད་སྟབས་མདོར་བསྡུས་བྱས་ནས་སྐབས་ཐོབ་སེམས་ལ་གང་དྲན་གྱི་དོན་ཚན་གཉིས་གསུམ་ཞིག་བཤད་འདོད་སྐྱེས་སོང་།

དང་བོ་དེ་ལ། དུས་རབས་ཉི་ཤུ་བའི་མཇུག་དང་། ད་ལྟའི་དུས་རབས་ཉེར་གཅིག་པའི་མགོ་འདིའི་ནང་ལ། དགེ་འདུན་ཆོས་འཕེལ་དེ་ག་རེ་ཆགས་ཡོད་པ་རེད་ཟེར་ན། བོད་མི་རིགས་ཀྱི་རིག་གཞུང་གི་ཚད་འཇལ་བྱེད་ཀྱི་དར་ཆ་ལྟ་བུ་ཞིག་ཆགས་ཀྱིན་ཡོད་པ་རེད་ལ། རིག་གཞུང་རྙིང་བ་དང་གསར་བ་གཉིས་ཀྱི་མཚམས་འབྱེད་བྱེད་ཀྱི་མཚམས་ཐིག་ལྟ་བུ་ལ་ཚང་མས་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། ང་རང་གི་ལྟ་སྟངས་བྱས་པ་ཡིན་ན། ཁོང་ནི་དེང་རབས་བོད་ཀྱི་རིག་གཞུང་གི་ཚད་འཇལ་བྱེད་ཀྱི་དར་ཆ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། གནས་ཚུལ་འདི་དགེ་འདུན་ཆོས་འཕེལ་ཁོང་རང་གི་རང་སྟེང་ནས་ཧ་ལས་པ་ཞིག་ཡིན་མིན་དང་། དངོས་ཡོད་གནས་ཚུལ་ཐོག་དགེ་ཆོས་ཁོང་བོད་ཀྱི་རིག་གཞུང་གི་ཚབ་མཚོན་དར་ཆ་ཡིན་དང་མིན་ཟེར་བ་དེ་ལོགས་ཀ་རེད། ཡིན་ནའང་མི་རིགས་ཤིག་ལ་འདི་དང་འདི་ལྟ་བུའི་དར་ཆ་ཞིག་དགོས་པ་དེ་ང་ཚོ་འགྲོ་བ་མིའི་རིགས་ཟེར་བའི་གཤིས་ཀ་ཞིིག་རེད། འདི་ལྟ་བུའི་དར་ཆ་ཞིག་མེད་པ་ཡིན་ན་མི་དམངས་སྤྱི་ཡོངས་ཀྱིས་གོམ་བགྲོད་རྒྱག་མི་ཐུབ་པའི་གཤིས་ཀ་ཞིག་ཡོད་པ་རེད། དཔེ་མཚོན་ཞིག་དྲངས་པ་ཡིན་ན། དོན་གྲུབ་རྒྱལ་དེ་དཔེ་མཚོན་ཡག་ཤོས་ཤིག་རེད་བསམ་གྱིན་འདུག དོན་གྲུབ་རྒྱལ་དེ་མ་གཞི་དེང་སང་སྙན་ངག་གསར་བའམ་རང་མོས་སྙན་ངག་ཟེར་གྱིན་ཡོད་པ་དེའི་ཚབ་མཚོན་གྱི་དར་ཆའམ་མཚོན་རྟགས་འདྲ་བོ་ཞིག་རེད། ཡིན་ནའང་ད་ལྟ་ང་ཚོས་བལྟས་ན། དོན་གྲུབ་རྒྱལ་གྱིས་གསར་རྩོམ་གནང་བཞག་པའི་སྙན་ངག་གསར་བ་དེ་ཚོ་དང་། ད་ལྟ་གཞོན་སྐྱེས་རྩོམ་པ་བོ་གཞན་ཚོས་འབྲི་བཞིན་པའི་སྙན་ངག་གསར་བ་དེ་ཚོ་ཕལ་ཆེར་རྦད་དེ་མ་འདྲ་བ་ཞིག་ཆགས་ཡོད་པ་རེད་དེ། སྙན་ངག་གསར་བ་འབྲི་མཁན་ཚོས་སྙན་ངག་གསར་བ་བྲི་བཞིན་མདུན་སྐྱོད་བྱེད་སྐབས་དོན་གྲུབ་རྒྱལ་གྱི་དར་ཆ་དེ་མུ་མཐུད་ནས་འཕྱར་བཞིན་ཡོད་པ་འདྲ་བོ་རེད། དེ་འདྲ་ཡིན་ཙང་། དགེ་འདུན་ཆོས་འཕེལ་ང་ཚོའི་རྩོམ་རིག་དང་། ལྟ་གྲུབ་སོགས་རིག་གཞུང་ཡོངས་རྫོགས་ཀྱི་དར་ཆ་ལ་འཕྱར་བཞིན་པ་དེ་འགྲིག་བསྡད་པ་ཞིག་རེད།

དོན་ཚན་གཉིས་པ་དེ། དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཉམས་ཞིབ་གནང་མཁན་ཕྱི་ནང་གི་མི་མང་བོ་ཞིག་གིས་དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེ་ཡིན་ནའང་འདྲ། ཁོང་གི་མི་གཤིས་དང་ཕྱག་རྗེས་དེ་ཚོ་མང་ཆེ་ཤོས་ཤིག་སྒྲུང་ཁྱད་མཚར་བོ་དེ་འདྲ་བཟོས་དང་བཟོ་བཞིན་པ་མཐོང་གིན་འདུག དེ་འདྲ་བྱེད་དགོས་དོན་ནི། དགེ་འདུན་ཆོས་འཕེལ་ལ་རྒྱུས་མངའ་མེད་མཁན་གྱི་མི་མང་པོ་ཞིག་ལ་ངོ་མཚར་བའི་ཚོར་སྣང་སྤྲོད་པའི་དོན་ལ་རྟོག་སྒྲུང་དེ་འདྲ་མུ་མཐུད་ནས་བཟོས་པ་ཡིན་ན། དགེ་འདུན་ཆོས་འཕེལ་ཁོང་རང་གི་བརྩམས་ཆོས་ཁག་དང་། ཁོང་རང་གི་མི་ཚེ་དང་མི་གཤིས་ངོ་མ་དེ་ལ་ནག་བསུབ་ཅུང་ཟད་གཏོང་བའི་ཉེན་ཁ་མེད་དམ་སྙམ།

དོན་དག་གཞན་པ་ཞིག་ནི་དགེ་འདུན་ཆོས་འཕེལ་གྱི་སྐོར་ང་རང་གིས་ཉམས་ཞིབ་བྱས་པ་ཡིན། ཉམས་ཞིབ་བྱས་དུས་ཙ་ན། དགེ་འདུན་ཆོས་འཕེལ་སྐོར་བཤད་མཁན་མི་མང་བོ་ཞིག་གིས་ཁོང་ལ་བསྔགས་བརྗོད་ཞེད་པོ་ཞིག་བྱེད་ཀྱིན་འདུག དགེ་འདུན་ཆོས་འཕེལ་འདྲ་བོ་ཞིག་བོད་ཀྱི་ལོ་རྒྱུས་ཐོག་བྱུང་ཡོད་པ་མ་རེད། དགེ་འདུན་ཆོས་འཕེལ་ལ་ལྟོས་ན་སྔོན་གྱི་མཁས་པ་གཞན་དང་གཞན་གང་ཡང་མ་ཡིན་པའི་བཟོ་འདྲ་བོ་བཤད་ཀྱིན་འདུག ཁོང་ཚོས་དགེ་ཆོས་ལ་བསྔགས་བརྗོད་དེ་འདྲ་བྱེད་དགོས་པའི་དམིགས་ཡུལ་ལ་བརྟག་སྐབས། དགེ་འདུན་ཆོས་འཕེལ་གྱིས་རྗེ་ཙོང་ཁ་བ་ཁས་མི་ལེན་པ་དང་། ཁོང་དགེ་ལུགས་ཀྱི་ཆོས་རྒྱུད་ལ་མི་དགའ་བར་དམའ་འབེབས་གཏོང་གིན་ཡོད་མདོག་མདོག ཁོང་རྙིང་མའི་ཆོས་རྒྱུད་གཅིག་པུ་ལ་ཞེན་ཁོག་ཞེད་པོ་ཞིག་ཡོད་མདོག་མདོག་སོགས་མདོར་བསྡུས་ན། ཁོང་ཚོའི་ཕུགས་ཀྱི་དམིགས་ཡུལ་ནི་རྙིང་མ་ཡར་འགྱོགས་པ་དང་དགེ་ལུགས་མར་འབེབས་པའི་དོན་དུ་དགེ་ཆོས་ལ་བསྔགས་བརྗོད་ཤུགས་ཆེན་བྱེད་ཀྱིན་ཡོད་པ་ཤེས་ཐུབ། དགེ་འདུན་ཆོས་འཕེལ་ཁོང་རང་གི་ངོས་ནས་དེ་འདྲའི་ལྟ་བ་སྦུག་སུབ་དོག་པོ་ཡོད་མདོག་ཁ་བོ་མ་རེད་ལ། དགེ་འདུན་ཆོས་འཕེལ་དེ་འདྲའི་ཐོག་ལ་བེད་སྤྱོད་བཏང་བ་ཡིན་ན། དགེ་ལུགས་པ་དང་རྙིང་མའི་ཆོས་རྒྱུད་ཀྱི་བར་ལ་དཀའ་རྙོག་བཟོ་བའི་ཉེན་ཁ་ཡོད་པར་སྙམ།

ཡང་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཉམས་ཞིབ་བྱེད་མཁན་ཁག་ཅིག་གིས་ག་རེ་བཤད་ཀྱིན་ཡོད་པ་རེད་ཟེར་ན། དགེ་འདུན་ཆོས་འཕེལ་གྱི་རྣམ་དཔྱོད་དང་རྩོམ་རིག་གི་སྐོར་བཤད་ཁུལ་བྱས་ཏེ། བླ་བྲང་བཀྲ་ཤིས་འཁྱིལ་གཉིས་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ། དགེ་འདུན་ཆོས་འཕེལ་གྱི་བར་ལ་འགལ་ཟླ་ཞེད་པོ་ཞིག་ཡོད་ཚུལ་དང་། དགེ་འདུན་ཆོས་འཕེལ་བླ་བྲང་བཀྲ་ཤིས་འཁྱིལ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཚོགས་གྲལ་ནས་ཕུད་བཞག་པའི་བཟོ་འདྲ་བོ་བྲིས་བཞག་པ་གང་འཚམ་མཐོང་རྒྱུ་འདུག དེ་ཚོའི་གྲས་དེ་བདེན་པ་མ་ཡིན་ཀྱང་། སྐད་ཆ་གནད་འགག་ཆེན་པོ་རེད། གང་ཡིན་ཟེར་ན། དགེ་འདུན་ཆོས་འཕེལ་ཁོང་བླ་བྲང་བཀྲ་ཤིས་འཁྱིལ་ནས་ལོ་ཁ་ཤས་ལ་བསྡད་དེ་རང་བཞིན་གྱིས་ཕྱི་ལོགས་ལ་ཐོན་བཞག་པ་ཞིག་རེད་མ་གཏོགས། གལ་སྲིད་བླ་བྲང་ནས་ཕུད་བཞག་པ་ཞིག་ཡིན་ན། ཚོགས་ཆེན་ཞལ་ངོ་དང་དགེ་བསྐོས། ཡང་ན་ཚོགས་ཆེན་ཁྲི་བ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་སུ་དང་སུ་ཡིན་རུང་། དགོན་པའི་ཁྲིམས་དང་སྒྲིག་གཞི་ལྟར་གནང་དགོས་པ་རེད་ལ། དཔེར་ན་ཆ་བཞག་ན། དགེ་འདུན་ཆོས་འཕེལ་ཁྱེད་རང་ཉི་མ་གསུམ་མམ་ཡང་ན་ཆུ་ཚོད་ལྔ་ལྟ་བུའི་ནང་བླ་བྲང་དགོན་པ་ནས་ཐོན་དགོས་ཞེས་པ་ལྟ་བུའི་ཐག་གཅོད་ཅིག་དགོས་རྒྱུ་ལ། དེ་འདྲའི་ཐོག་ནས་ཕུད་བཞག་པ་ཞིག་རྩ་བ་ཉིད་ནས་རེད་མི་འདུག ངས་བལྟས་ན་དཔྱད་རྗོད་པ་ཁ་ཤས་ཀྱིས་ཀུན་སློང་མ་འདྲ་བ་ཁྱེར་ནས་དགེ་འདུན་ཆོས་འཕེལ་བཤད་ཞོར་ལ། བླ་བྲང་བཀྲ་ཤིས་འཁྱིལ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་ལྟ་བུ་ལ་དམའ་འབེབས་ཀྱི་ལག་ཆ་བྱེད་པ་དེ་རིགས་མ་འགྲིག་པ་ཞིག་རེད། དེ་ཚོས་རྙོག་དྲ་བཟོ་སྲིད་པ་ཞིག་རེད།

ད་མང་པོ་བཤད་རྒྱུ་མིན། མཐའ་མཇུག་གི་དོན་ཚན་གཅིག་རང་བཤད་རྒྱུ་ཡིན། དོན་ཚན་གཅིག་དེ་ག་རེ་རེད་ཟེར་ན། དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་སྔོན་ཆད་ཉམས་ཞིབ་གནང་མཁན་མང་པོ་བྱུང་ཡོད་པ་རེད་ལ། ད་དུང་ཡང་མཁས་པ་མང་བོ་ཞིག་ཞིག་མུ་མཐུད་ནས་ཉམས་ཞིབ་གནང་མདོག་ཁ་བོ་རེད། དེ་ཡིན་དུས་དགེ་འདུན་ཆོས་འཕེལ་ཁོང་ལོ་ངོ་དུ་མའི་རིང་བཙོན་ཁང་ལ་བཅུག་བཞག་དངོས་ཡོད་གནས་ཚུལ་རེད། སྐབས་དེར་བཙོན་ཁང་ལ་འཇུག་དགོས་པའི་རྒྱུ་མཚན་ཡང་མི་འདྲ་བ་མང་བོ་ཞིག་བཤད་ཀྱིན་ཡོད་པ་རེད། འབྱུང་འགྱུར་འདིའི་སྐོར་ལ་ཉམས་ཞིབ་གནང་མཁན་ཚོའི་ལས་འགན་གལ་ཆེ་ཤོས་ཤིག་ནི། དངོས་ཡོད་གནས་ཚུལ་ཐོག་ཁོང་གིས་རྒྱལ་ཕུང་དམངས་གནོད་ཀྱི་ལས་ཀ་བྱས་པའི་ནག་ཉེས་ཡོད་པ་རེད་དང་མ་རེད། བོད་རྒྱལ་ཁབ་དང་མི་རིགས་ལ་གནོད་པ་བྱས་པའམ། ཁྲིམས་འགལ་སྒྲིག་བཤིག་བྱས་པའི་ནག་ཉེས་བྱས་ཡོད་མེད་གསལ་བོ་བཟོ་དགོས་པ་མཁས་པ་ཚོའི་ལས་འགན་རེད་བསམ་གྱིན་འདུག གལ་སྲིད་ཁོང་ལ་ནག་ཉེས་མེད་པ་ཡིན་ན། ཁོང་བཙོན་ཁང་དུ་བཅུག་པ་ནོར་འདུག ཁོང་ཉེས་མེད་རེད། དཀར་བོ་རེད། ཅེས་དཀར་འདོན་གསལ་བསྒྲགས་བྱེད་དགོས་པ་ཧ་ཅང་གལ་ཆེན་རེད་བསམ་གྱིན་འདུག ང་ཚོས་འདི་ནས་ཁོང་རྗེས་དྲན་བསྔགས་བརྗོད་ཀྱི་ཚོགས་འདུ་འཚོགས་ཀྱིན་ཡོད་པ་རེད་དེ། ཁོང་ད་དུང་དཀར་བོ་ཆགས་ཐུབ་ཡོད་པ་མ་རེད་ལ། དཀར་འདོན་བྱེད་མཁན་བྱུང་ཡོད་པ་མ་རེད། མཁས་པ་ཚོས་ཞིབ་འཇུག་བྱས་ནས་ཁོང་ལ་ནག་ཉེས་མེད་པར་མ་ཉེས་ཁག་གཡོག་གིས་བཙོན་འཇུག་བྱས་པར་ར་སྤྲོད་བྱ་ཐུབ་པ་ཡིན་ན། སྐབས་དེར་ཁོང་བཙོན་འཇུག་བྱེད་མཁན་སུ་དང་སུ་ཡིན་པའི་འགན་ཁུར་ཡོད་མཁན་ཚོས། ང་ཚོས་བྱས་པ་ནོར་འདུག ཁོང་ལ་མ་ཉེས་ཁག་གཡོག་བྱས་པ་ཡིན་ཞེས་རང་སྐྱོན་ངོས་ལེན་དང་། དགེ་ཆོས་ལ་དཀར་འདོན་བྱེད་དགོས་པ་དེ་ལོ་རྒྱུས་ཐོག་ལྷག་པའི་དོན་གནད་ཧ་ཅང་གལ་ཆེན་ཞིག་རེད། ཐུགས་རྗེ་ཆེ་གནང་། ད་མཚམས་འཇོག་གི་ཡིན།