You are here

སྣར་སྐྱིད་ངག་དབང་དོན་གྲུབ།

སྣར་སྐྱིད་ངག་དབང་དོན་གྲུབ།

བཀྲ་ཤིས་བདེ་ལེགས། ལ་རྩེ་དཔེ་མཛོད་ཁང་ནས་ང་ཚོགས་འདུ་འདིར་ཆེད་འབོད་གནང་བ་དང་། བོད་ནས་ཚོགས་འདུར་ཕེབས་པ་རེབ་གོང་རྡོ་རྗེ་རྒྱལ་ལགས་སོགས་མཇལ་རྒྱུའི་གོ་སྐབས་བྱུང་བས་དགའ་བོ་བྱུང། ཐུགས་རྗེ་ཆེ།

དངོས་གནས་ཞུས་ན། ང་རང་གི་ཉམས་ཞིབ་ཤེས་ཚད་དང་དུས་ཚོད་ཀྱིས་མ་ལྡང་འི་རྐྱེན་བྱས་ནས། དེང་སང་ཚོགས་འདུ་འདི་འདྲ་ལ་འགྲོ་གི་མེད། ཡིན་ན་ཡང་། གཅིག་ནས་ད་རེས་དོན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་དྲན་གསོའི་བགྲོ་གླེང་ཚོགས་འདུ་ཡིན་པ་དང་། གཉིས་ནས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་རྒྱུ་མཚན་དང་བཅས་ངེས་པར་འགྲོ་དགོས་ཀྱི་སྐུལ་མ་གནང་བར་བརྟེན་འདི་གར་བཅར་བ་ཡིན། གང་ལྟར་ཡང་ད་རེས་ང་ལ་གོ་སྐབས་འདི་གནང་བ་བརྒྱུད་ནས་ཡུན་རིང་མ་མཇལ་བའི་གྲོགས་པོ་རྙིང་པ་ཚོར་མཇལ་བྱུང་བ་དང་། གྲོགས་པོ་གསར་པའང་མང་པོ་ལ་མཇལ་རྒྱུ་ཡོད་པར་ཧ་ཅང་དགའ་བས་ཐུགས་རྗེ་ཆེ་ཞུ་རྒྱུ།

ད་རེས་བགྲོ་གླེང་ཚོགས་འདུ་འདི་ཐོག་དམིགས་བསལ་དགེ་འདུན་ཆོས་འཔེལ་ལགས་ཀྱི་མཛད་རྗེས་དྲན་གསོ་ཞུ་དགོས་པ་རེད། ང་ལ་མང་པོ་ཞུ་རྒྱུ་མེད། ང་རྒྱ་གར་དུ་སླེབས་ནས་དགེ་འདུན་ཆོས་འཕེལ་ལགས་ཀྱི་དགོངས་ཚུལ་བོད་ཡིག་འབྱུང་ཁུངས་སྐོར་ལ་ངས་ཉམས་ཞིབ་བྱས་ནས་རྩོམ་ཡིག་འབྲི་མྱོང་། དེ་མིན་དགེ་འདུན་ཆོས་འཕེལ་ལགས་ཀྱི་མཛད་པར་དམིགས་བསལ་ཉམས་ཞིབ་བྱ་རྒྱུ་མ་བྱུང་། རྒྱུ་མཚན་ནི། བོད་ཕྱི་ནང་གཉིས་ཀར་ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་རི་མོ་སོགས་ལ་དོ་སྣང་དཔྱད་ཞིབ་གནང་མཁན་བོད་རིགས་དང་བོད་པ་མ་ཡིན་པའང་མང་པོ་འདུག

ཡང་། བགྲོ་གླེང་ཚོགས་འདུ་འདི་ཐོག་ངས་དགེ་འདུན་ཆོས་འཕེལ་ལགས་ཀྱི་རྩོམ་ཡིག་སྐོར་གླེང་བཤད་ཞུ་དགོས་གསུངས་འདུག དེར་བརྟེན་ངས་དགེ་འདུན་ཆོས་འཕེལ་ལགས་ཀྱིས་རྩོམ་སྒྲིག་གནང་བ་གཏམ་རྒྱུད་གསེར་གྱི་ཐང་མ་ཞེས་པ་དེ་རྒྱ་གར་ནས་དེབ་ཐོག་མ་དཔར་སྐྲུན་ཐུབ་པའི་སྐོར་བསྡུས་ཙམ་ཞིག་ཞུ་གི་ཡིན། དེབ་དེའི་མ་དཔེ་འཁྱུག་ཡིག་ཐོག་བྲིས་པ་ཞིག་དགེ་འདུན་ཆོས་འཕེལ་ལགས་མཇལ་མྱོང་ཡོད་མཁན་ང་རང་གི་གྲོགས་པོ་ཞིག་ལ་ཡོད་པ་ངས་ཤེས་ཀྱི་ཡོད། གྲོགས་པོ་ཁོང་རང་ ༡༩༨༠ གྱ་གྲངས་ནང་རྡ་རམ་ས་ལར་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་བར་བཅར་སྐབས་ང་གཉིས་ལོ་མང་རིང་རང་རང་གི་མྱོང་ཚོར་སྐད་ཆ་མོང་པོ་བྱུང་། ཁོང་ལ་ཡོད་པའི་གསེར་གྱི་ཐང་མའི་མ་དཔེ་དེ་ང་ལ་བྱུང་པ་ཡིན་ན། ངས་དེ་ཆ་ཚང་དཔར་འགྲེམས་བྱ་རྒྱུའི་ཁས་ལེན་བྱས་པ་ཡིན། ཁོང་གིས་ད་བར་སྦས་ནས་ཉར་ཚགས་བྱེད་ཐུབ་པ་དེ་དངོས་གནས་དཔར་འགྲེམས་ཐུབ་པ་ཡིན་ན་ངའི་དམིགས་ཡུལ་འགྲུབ་པ་རེད། ངས་ཏན་ཏན་བསྐུར་ཡོང་ཞེས་བརྗོད་བྱུང་། དེ་དོན་ལོ་ཕྱི་མ་དགུན་ཐོག་དེར་ང་རྡོ་རྗེ་གདན་ལ་ཡོད་དུས་གྲོགས་པོ་ང་གཉིས་ཀའི་ངོ་ཤེས་རྙིང་པ་བློས་ཐུབ་ཅིག་རྒྱ་གར་དུ་གནས་མཇལ་དང་༧རྒྱལ་བ་རིན་པོ་ཆེའི་གསུང་ཆོས་ཞུ་བར་བཅར་བའི་གདོང་གསེར་གྱི་ཐང་མའི་མ་དཔེ་འཁྱུག་ཡིག་དེ་ང་ལ་སྤྲོད་རྒྱུར་བསྐུར་འདུག་པ་ལག་ཐོག་སྤྲད་བྱུང་།

སྐབས་དེར་ངས་རྡོ་རྗེ་གདན་ནས་ཝ་ར་ཎ་སིར་ས་ར་ཎ་ཐ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ལ་ཕྱིན། སློབ་སྤྱི་ཟམ་གདོང་རིན་པོ་ཆེར་མཇལ་ནས་མ་དཔེ་དེར་གཟིགས་གནང་ཞུས་ཐོག་སློབ་གཉེར་ཁང་དེ་ནས་དཔར་སྐྲུན་འགྲེམས་སྤེལ་གནང་ནས་སཾསྐྲི་ཏ་འབྲེལ་ཡོད་དང་བཅས་དགེ་མཚན་ཆེ་བའི་གནས་ལུགས་ཞུས་པ་ཁོང་གི་ཐུགས་ལ་བབ་པོ་བྱུང་སོང་། ཟམ་གདོང་རིན་པོ་ཆེས་དགེ་འདུན་ཆོས་འཕེལ་ལགས་ཀྱི་གཏམ་རྒྱུད་གསེར་གྱི་ཐང་མ་ཞེས་བྱ་བ་རྩོམ་སྒྲིག་གནང་ཡོད་པ་གསན་མྱོང་ཡོད་འདུག

ཉིན་གཉིས་ཀྱི་རྗེས་ཟམ་གདོང་རིན་པོ་ཆེས་ང་ལ་གསེར་གྱི་ཐང་མ་དེ་དེབ་ཐོག་དཔར་སྐྲུན་བྱ་རྒྱུ་གཏན་འཁེལ་གྱི་ཡིན་གསུང་བྱུང་། ང་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ། དེབ་དེའི་ནང་རིན་པོ་ཆེས་སྔོན་གླེང་ཞིག་ངེས་པར་འབྲི་རོགས་ཞུས་པར་ཡང་ཞལ་བཞེས་གནང་བྱུང་། ཡང་ངས་དེབ་དེ་དཔར་སྐྲུན་ཚར་ནས་མ་དཔེ་དེ་རྡ་རམ་ས་ལར་རང་གཞུང་གི་བོད་ཀྱི་དཔེ་མཛོད་ཁང་གི་ཡིག་མཛོད་ཁོངས་སུ་བཞག་གི་ཡིན་ཞུས་པར། རིན་པོ་ཆེས་འོས་པོ་འདུག་གསུངས་བྱུང་། སྤུས་དག་དཔར་སྐྲུན་དེ་གྲས་ཤིག་ང་ལ་ཡོད་པ་འདི་ད་རེས་ལ་རྩེ་དཔེ་མཛོད་ཁང་དུ་འབུལ་གྱི་ཡིན། ཕྱི་རྒྱལ་ནང་དགེ་འདུན་ཆོས་འཕེལ་ལགས་ཀྱི་གསུང་འབུམ་ཁོངས་ནས་དེབ་ཐོག་དཔར་སྐྲུན་དང་པོ་དེབ་འདི་རང་ཡིན་པར་བསམ་གྱི་འདུག འདིའི་མ་དཔེ་འཁྱུག་ཡིག་དེ་རྡ་སར་བོད་ཀྱི་དཔེ་མཛོད་ཁང་ལ་ཕུལ་བ་ཡིན། དེ་རིང་ཞུ་རྒྱུ་འདི་ཙམ་ལ་མཚམས་འཇོག་ཞུ་གི་ཡིན། སླར་ཡང་བཀྲ་ཤིས་བདེ་ལེགས་ཞུ།།