You are here

རྡོ་རྗེ་རྒྱལ།

རྡོ་རྗེ་རྒྱལ།

ངས་འདིར་བཞུགས་ཀྱི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཐམས་ཅད་ཀྱི་སྙན་ལམ་ལ་དོན་ཚན་དང་བོ་དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེ་གང་བོའི་རྣམ་ཐར་གསོལ་འདེབས་ངོ་སྤྲོད་བྱེད་ཀྱི་ཡིན། དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་གསོལ་འདེབས་ནང་ན་ཚིགས་བཅད་ཤོ་ལོ་ཀ་གཅིག་ཡོད། ཤོ་ལོ་ཀ་གཅིག་དེ་ནི།

གདུང་བཙུན་བཙུན་པའི་རིགས་དང་ཕལ་བའི་ཚུལ། མཁོ་དགུ་ཚང་བའི་དུས་དང་སྤྲང་བོའི་དུས། བཙུན་པ་བཟང་ཤོས་ཁྱིམ་པ་སྡུག་ཤོས་སོགས། སྐྱེ་བ་གཅིག་ལ་ལུས་རྟེན་མང་དུ་བརྗེས།།

ཞེས་པ་འདི་ནི་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་འབྲི་ན་ལོ་རྒྱུས་ཀྱི་ས་བོན་དང་རྣམ་ཐར་གྱི་སྡོམ་ཚིག་ཀྱང་རེད།

གཉིས་པ་ངས་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་གསོལ་འདེབས་འདི་དང་པོ་ཇི་ལྟར་གསུངས་པའི་སྐོར་བཤད་རྒྱུ་ཡིན། དེ་ཡང་ཉག་རོང་གི་སྤྲུལ་སྐུ་ཟླ་བ་བཟང་པོ་ཞུ་བས་དགེ་འདུན་ཆོས་འཕེལ་གྱི་དྲུང་ནས་ཁོང་གིས་བརྩམས་པའི་དབུ་མ་ཀླུ་སྒྲུབ་དགོངས་རྒྱན་གྱི་ཁྲིད་གསན་པ་རེད། སྐབས་དེ་འདྲ་ཞིག་ལ་ཉག་རོང་ཟླ་བཟང་གིས་དགེ་འདུན་ཆོས་འཕེལ་ལ། ཁོ་བོ་གཙོ་བྱས་པའི་བདག་ཅག་བུ་སློབ་རྣམས་ཀྱི་ངོར་ཁྱེད་ཀྱི་རྣམ་ཐར་གསོལ་འདེབས་ཤིག་གསུང་རོགས་ཞུ། དེའི་རྒྱུ་མཚན་ནི། བདག་ཅག་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་ཟབ་མོ་དབུ་མའི་ལྟ་བ་སྟོན་པའི་སློབ་དཔོན་ཁྱེད་ཡིན་པ་རེད་ཅེས་ཞུས་པའི་ཚེ། དགེ་ཆོས་ཀྱིས་ཐུགས་གཞིགས་ཟབ་མོས་བློ་ཐོག་ནས་ཚིགས་བཅད་ཤོ་ལོ་ཀ་དེ་གསུངས་ནས་འདི་ཡིག་ཐོག་ལ་འགོད་མི་ཆོག དེའི་རྒྱུ་མཚན་ཡང་། ང་དགེ་འདུན་ཆོས་འཕེལ་མི་ཆུང་ཆུང་རེད། རྣམ་ཐར་གསོལ་འདེབས་བྲིས་ན་གཞན་གྱིས་འཕྱ་སྨོད་བྱེད་ངེས། ཁྱེད་ཀྱིས་ཀྱང་འདི་བློར་བཟུང་ན་ཆོག་གསུངས་པ་རེད་ཟེར། ཕྱིས་སུ་བོད་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་བྱམས་པ་འཕྲིན་ལས་ཀྱིས་ཉག་རོང་ཟླ་བཟང་གི་དྲུང་ནས་དབུ་མ་ཀླུ་སྒྲུབ་དགོངས་རྒྱན་གྱི་ཁྲིད་གསན་པ་རེད། ཁྲིད་ཀྱི་འཕྲོས་བཤད་ཅིག་གི་སྐབས་སུ་ངས་དེ་རིང་ཁྱེད་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེ་གང་བོའི་རྣམ་ཐར་ངོ་སྤྲོད་བྱེད་ཀྱི་ཡིན་ཞེས་ཡིག་ཐོག་ཏུ་འཁོད་མ་བཅུག་པར་ཐུགས་ནས་གསང་ཐབས་སུ་གསུངས་པ་རེད། དེས་ན་རྣམ་ཐར་ཚིགས་བཅད་འདི་དུས་ད་ལྟ་བར་དུ་བཀའ་གཉན་པོར་བརྩིས་ནས་གསང་རྒྱའི་ཚུལ་དུ་བཞུགས་པ་ལས་གཞན་སུ་ལ་ཡང་སྤེལ་མ་མྱོང་མོད་སྟབས་ལེགས་པ་ཞིག་ལ་ཉེ་སྔོན་བདག་གི་ལག་ཏུ་ཚུད་སོང་།

གསུམ་པ་དགེ་ཆོས་ཀྱི་རྣམ་ཐར་ཤོ་ལོ་ཀ་འདི་ངའི་ལག་ཏུ་ཇི་ལྟར་ཡོང་བའི་སྐོར་བཤད་རྒྱུ་ཡིན། ཕྱི་ལོ་ ༢༠༠༢ ལོར་ང་རང་དབུས་གཙང་དུ་མཇལ་སྐོར་ལ་སོང་ནས་ཧོར་ཟླ་ལྔ་བའི་ཚེས་ཉེར་ལྔའི་ཉིན་ང་དང་བུ་ཆུང་པདྨ་བསྟན་འཛིན་ཞུ་ཡ་གཉིས་བོད་ལྗོངས་སྨན་རྩིས་ཁང་གི་གསོ་རིག་མཁས་དབང་བྱམས་པ་འཕྲིན་ལས་ཟེར་བ་ཞིག་འདུག་པ་དེར་མཇལ་ནས་ཁོང་གི་གཟིམ་ཤག་ཏུ་སྤྱིར་བོད་རིག་པ་དང་སྒོས་སུ་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་སྐོར་ལ་ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་ལ་བཅར་འདྲི་དང་གླེང་མོལ་བྱས་པའི་མཐར། ད་ནི་མཁས་དབང་དགེ་ཆོས་རིན་པོ་ཆེར་གསང་རྣམ་གསོལ་འདེབས་ཤིག་ཡོད་པ་ཁྱེད་ལ་འབུལ་བའི་དུས་ལ་བབས་སོ་ཞེས་གསུང་གི་དབུགས་དབྱུང་མཛད་དེ་བདག་ལ་ལུང་ཁྲིད་ཀྱི་ཚུལ་དུ་ཐུགས་ནས་མང་དུ་གསུངས། ཡིན་ན་ཡང་ཡོན་ཀྲང་བྱམས་པ་ལགས་ཀྱིས་རྣམ་ཐར་གསོལ་འདེབས་འདི་ང་ལ་གསུང་བཞིན་པའི་ཚེ་ཚིགས་བཅད་ཤོ་ལོ་ཀ་གཅིག་གི་ནང་ནས་རྐང་པ་གསུམ་གསུངས་ཀྱི་འདུག རྐང་བ་གཅིག་ཆད་ཀྱི་འདུག དེ་ནས་ངས་གུས་ཉམས་དང་བཅས་ཏེ་རྒན་ལགས་ཚིགས་བཅད་རྐང་པ་གཅིག་ཆད་ཀྱི་འདུག་ཅེས་ཞུས་པར་ཁོང་གིས་སྤྱན་ཆབ་དང་བཅས་ཏེ་ལོ་མང་བོ་འགོར་བས་ཅུང་ཟད་བརྗེད་འདུག་གསུངས། འོ་ན་ཅིས་ཀྱང་ཐུགས་བསམ་བཞེས་ཏེ་བདག་ལ་ཆ་ཚང་བ་ཞིག་གནང་དགོས་ཚུལ་ཞུས་པ་ན། རྒན་ལགས་ཀྱིས་གསུང་རྒྱུར། ངས་དོ་དགོང་རྗེ་བཙུན་འཕགས་མ་སྒྲོལ་མ་དང་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ནས་ཡིད་ལ་ཤར་ན་ཁྱེད་ལ་བྲིས་ནས་སྟེར་གསུངས་སོང་། ཉིན་གསུམ་གྱི་རྗེས་ནས་ང་རང་བོད་ལྗོངས་སྨན་རྩིས་ཁང་གི་མཁས་དབང་མཁྱེན་རབ་ནོར་བུའི་བཞུགས་ཤག་ཏུ་སོང་བ་ན་ཁོང་གིས་ཐུགས་རབ་ཏུ་དགྱེས་བཞིན་ཞལ་འཛུམ་པ་དང་བཅས་ཏེ་ཁྱེད་ལ་ལས་བསོད་ཆེན་པོ་ལྡན་འདུག་ཅེས་ཐམ་གས་མནན་པའི་ཕྱག་ཡིག་དང་ལྷན་ཏུ་ཁ་བཏགས་ཉིན་བདེ་མ་ཞིག་དང་རཏྣ་བསམ་འཕེལ་གྱི་སྨན་བཅས་བདག་ལ་བསྩལ་བ་ཡིན།

རྣམ་ཐར་གསོལ་འདེབས་འདིའི་ནང་གི་གདུང་བཙུན་བཙུན་པའི་རིགས་ཞེས་པ་འདི་ལ་ཕྱོགས་གསུམ་གྱི་སྟེང་ནས་གོ་བ་ལེན་རྒྱུ་འདུག གཅིག་དགེ་ཆོས་ཀྱི་གདུང་རྒྱུད་རིགས་རུས་ཀྱི་སྟེང་ནས་ཕུན་སུམ་ཚོགས་པ་ཡིན་ཚུལ། གཉིས་དགེ་ཆོས་ཀྱི་ཕའི་སྐྱེ་རྒྱུད་ཀྱི་སྟེང་ནས་རིགས་རྒྱུད་ཕུན་སུམ་ཚོགས་པ་ཡིན་ཚུལ། གསུམ་དགེ་ཆོས་ཁོང་གི་སྐྱེ་འཕྲེང་གི་དབང་དུ་སོང་ན་ཕུན་སུམ་ཚོགས་པ་ཡིན་ཚུལ་བཅས་ལྟ་ཚུལ་གསུམ་གྱི་སྟེང་ནས་ངོ་སྤྲོད་བྱེད་རྒྱུ་འདུག དེས་ན་དགེ་ཆོས་ཀྱི་གདུང་རྒྱུད་ཡག་པོ་ཡིན་པའི་དོན་ནི། རེབ་གོང་ན་གྲགས་པ་ཆེ་བའི་བླ་མ་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་ཟེར་བ་ཞིག་ཡོད་པ་དེ་ལ་ཨ་ལགས་མི་བསྐྱོད་ཟེར་བའི་དངོས་སློབ་ཅིག་འདུག དེའི་སྲས་ཀྱི་མིང་ལ་སྐུ་གཞོགས་རྒྱལ་བོ་དང་ཨ་ལགས་རྒྱལ་བོ་ཡང་ཟེར་མོད། མཚན་ངོ་མ་རིག་འཛིན་རྡོ་རྗེ་རྣམ་རྒྱལ་ཡིན། དེའི་སྲས་དགེ་འདུན་ཆོས་འཕེལ་རེད། དེ་བས་དགེ་ཆོས་ཀྱི་གདུང་རྒྱུད་བླ་རྒྱུད་ལ་ཐུག་ཡོད་པས་གདུང་རྒྱུད་ཡག་པོ་རེད། གཉིས་པ་ཕའི་སྐྱེ་རྒྱུད་ཀྱི་སྟེང་ནས་བཤད་ན་དགེ་ཆོས་ཀྱི་ཕ་ནི་ཨ་ལགས་རྒྱལ་བོ་རེད། ཁོང་གི་སྐྱེ་ཕྲེང་སྔོན་མའི་མིང་ལ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ་ཟེར། དེ་ནི་རླངས་རྒྱལ་བོ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཟེར་བ་ཞིག་ཡོད་པ་དེའི་སྤྲུལ་སྐུ་རེད། དེས་ན་དགེ་ཆོས་ཀྱི་ཕའི་སྐྱེ་ཕྲེང་བཤད་དེ་སོང་ན་ཡང་གདུང་རྒྱུད་ཡག་པོ་ཡིན་པ་རེད། གསུམ་པ་ཡི་སྟེང་ནས་ཞབས་དཀར་སྐུ་ཕྲེང་གཉིས་པས་རྡོ་བྲག་མཁན་པོའི་ལུ་བསྟན་ལྟར་དུ་དགེ་འདུན་ཆོས་འཕེལ་དམ་པ་གང་གི་སྤྲུལ་སྐུར་ངོས་འཛིན་དང་ཁྲི་སར་བཀོད་པ་ཡིན། མ་ཟད་དགེ་ཆོས་བཙོན་ཁང་ནས་ཕྱིར་བཏང་བའི་རྗེས་སུ་རྡོ་བྲག་རྒྱལ་སྲས་སྐལ་བཟང་རྣམ་རྒྱལ་གྱི་རྩ་ནས་བྱང་གཏེར་ཐུགས་སྒྲུབ་ཀྱི་དབང་ཉན་པའི་སྐབས་དེར་དགེ་ཆོས་ཁོང་རང་གིས་ཀྱང་ངའི་སྐྱེ་བ་སྔོན་མ་དེ་རྡོ་བྲག་གི་སྤྲུལ་སྐུ་ཞིག་ཡིན་པ་རེད་ཅེས་བཤད་འདུག དེ་ལྟ་ན་དགེ་ཆོས་ཁོང་རང་གི་སྐྱེ་ཕྲེང་གི་དབང་དུ་བཏང་ཡང་ཧ་ཅང་ཡག་པོ་ཡིན་པ་རེད། དེས་ན་དགེ་ཆོས་ཀྱི་ཚིག་གཅིག་གི་སྟེང་ནའང་བརྗོད་དོན་མི་འདྲ་བ་རེ་གོ་རྒྱུ་ཡོད་པ་ཡིན་ན་ཤོ་ལོ་ཀ་ཧྲིལ་བོའི་དོན་བཤད་ན་ཆུ་ཚོད་ཀྱིས་མི་འདང་། དེའི་ཡན་ཆད་ནས་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ཀྱི་ས་བོན་ཟེར་ནའང་ཆོག་རྣམ་ཐར་གྱི་སྡོམ་ཚིག་ངོ་སྤྲོད་བྱས་ཚར་བ་ཡིན།

ད་ནི་ཆུང་གྲོགས་རྗེས་དྲན་གྱི་རྒྱབ་ལྗོངས་སྐོར་ཡིན། ཆུང་གྲོགས་རྗེས་དྲན་ཞུ་བ་འདི་དགེ་འདུན་ཆོས་འཕེལ་གྱི་རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་གཅིག་རེད། དེའི་བརྗོད་བྱ་ཡི་སྟེང་ནས་ད་ལྟ་ཁ་ཅིག་གིས་ཇི་ལྟར་བརྗོད་ཅེ་ན། དགེ་ཆོས་དང་འབྲེལ་བ་ཟབ་པའི་བུད་མེད་ཅིག་སྟོན་གྱི་ཡོད་ཟེར་གྱི་འདུག རྒྱུ་མཚན་གང་རེད་ཟེར་ན། ཆུང་གྲོགས་རྗེས་དྲན་གྱི་སྙན་རྩོམ་འདིའི་སྔ་གཞུག་ཐམས་ཅད་ན་བརྗོད་དོན་འདི་འདྲ་ཞིག་སྟོན་གྱི་འདུག་ཟེར། འདིའི་བརྗོད་བྱ་བུད་མེད་ཀྱི་ཆས་སུ་བཏང་ན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མ་ཤེས་པའི་སྟབས་ཀྱིས་བཤད་ཚུལ་འདི་དང་བསམ་ཚུལ་དེ་འདྲ་ཡོད་ན་ཡང་དག་པ་མ་རེད། འདིའི་ངོས་སྐལ་གྱི་ཟེར་རྒྱུས་མ་ཕོངས་པའི་ལོ་རྒྱུས་ཐུང་ཐུང་ཞིག་བཤད་ན་། དགེ་འདུན་ཆོས་འཕེལ་གྱི་ཨ་མའི་མིང་ལ་ཨ་ནེ་བ་རྡོ་ཟེར། ཨ་ནེ་བ་རྡོ་ལ་སྤུན་ཞིག་ཡོད་པའི་མིང་ལ་ཨ་ཅེ་ཚེ་རིས་ཟེར། ཨ་ཅེ་ཚེ་རིས་ཀྱི་ཁྱོ་གའི་མིང་ལ་ལྷ་བ་མགོན་པོ་ཟེར། ལྷ་བ་མགོན་པོ་དང་ཨ་ཅེ་ཚེ་རིས་གཉིས་ལ་བུ་དང་བུ་མོ་མིང་སྲིང་གསུམ་ཡོད། གཅིག་གི་མིང་ལ་དཔའ་རྒྱ་ཟེར། གཅིག་གི་མིང་ལ་རྡོ་རྗེ་བྱམས་མགོ་རོ་ཟེར། སྲིང་མོའི་མིང་ལ་ཡུམ་མེ་ཟེར། དེ་ནས་དགེ་འདུན་ཆོས་འཕེལ་ཁོང་ལོ་ཉི་ཤུ་རྩ་ལྔ་སྟེང་ལྷ་སར་འགྲོ་འདོད་སྐྱེས་ཏེ་ཨ་མ་དང་དང་ཨ་ཅེ་གཉིས་ལ་བློ་འདི་གྲོས་འདྲི་བྱས་པ་ན། ཨ་མ་དང་ཨ་ཅེ་གཉིས་ཀྱིས་དགེ་ཆོས་ལྷ་ས་ལ་འགྲོ་བར་བར་ཆད་དམ་བཀག་འགོག་བྱས་ཏེ་འགྲོ་རུ་མི་འཇུག་པའི་བཙན་གཏམ་བཤད་མོད། དགེ་ཆོས་ཀྱིས་ཁོ་བོར་ཆ་རྐྱེན་ཅུང་ཟད་ཙམ་ཞིག་བསྐྲུན་དང་ལོ་གསུམ་གྱི་རྗེས་སུ་ཕྱིར་འཁོར་ནས་མ་བུ་གཉིས་ལ་བལྟ་རུ་ཡོང་གི་ཡིན་ཞེས་ཞུ་བ་ཞུས་པ་ལྟར་དགེ་འདུན་ཆོས་འཕེལ་ལྷ་ས་ལ་འགྲོ་རྒྱུ་ཁ་འཆམ་གྲོས་མཐུན་མི་བྱུང་ཐབས་མེད་ཀྱིས་གནས་ཚུལ་དེ་ཁོང་གི་གཉེན་ཉེ་རྣམས་ལ་གསལ་བོར་བཤད་པ་རེད། དེ་ནས་ལྷ་བ་མགོན་པོ་དང་དཔའ་རྒྱ་གཉིས་ཀྱིས་ཀྱང་དགེ་འདུན་ཆོས་འཕེལ་དང་བསྡོངས་ཏེ་དབུས་གཙང་ལ་སོང་ནས་ཇོ་བོ་རིན་པོ་ཆེ་ལ་མཇལ་ཐུབ་སོང་ན་སྙམ་པའི་བསམ་བློ་སྐྱེས་ཏེ། དགེ་འདུན་ཆོས་འཕེལ་དང་། ལྷ་བ་མགོན་པོ། དཔའ་རྒྱ་གསུམ་དབུས་གྲོགས་བྱས་ནས་ལྷ་ས་ལ་གནས་སྐོར་དུ་སོང་། ལྷ་ས་ནས་དགེ་འདུན་ཆོས་འཕེལ་གྱིས་ཁོས་དཔེ་ཆ་བལྟ་རྒྱུ་ཡིན་ཞེས་སེམས་ཐག་བཅད་པ་རེད། ལྷ་བ་མགོན་པོས་ཁོ་ལོ་ན་མཐོ་བས་དཔེ་ཆ་བལྟ་མི་ཐུབ་ཁོས་མཚམས་བསྙེན་སྒྲུབ་རེ་བྱེད་གིི་ཡིན་ཟེར། དཔའ་རྒྱ་ཟེར་བས་ཁོས་ཤེས་རུང་མ་ཤེས་རུང་དཔེ་ཆ་བལྟ་རྒྱུ་ཡིན་ཞེས་རང་རང་སོ་སོའི་འདོད་མོས་བཞིན་བྱས། ལོ་ཁ་ཤས་ཀྱི་གཞུག་ནས་དགེ་འདུན་ཆོས་འཕེལ་དབུས་གཙང་ཐམས་ཅད་ལ་སྙན་པར་གྲགས་པའི་མཁས་པ་ཆེན་པོ་ཆགས་པ་རེད། ལྷ་བ་མགོན་པོ་ཡང་བསྙེན་མཚམས་པ་ཡག་པོ་བྱུང་ཡོད་པ་རེད། དཔའ་རྒྱ་ཡིས་དཔེ་ཆར་བལྟས་རུང་ལྷོད་གཡེང་ཆེ་རྐྱེན་འབྲས་བུ་ཕུལ་དུ་བྱུང་བ་ཞིག་བྱུང་མ་སོང་བས་ཁོང་གི་བསམ་པར་དགེ་འདུན་ཆོས་འཕེལ་མཁས་པ་ཆེན་པོ་ཞིག་དང་ངའི་ཨ་ཕ་བསྙེན་མཚམས་པ་ཡག་པོ་ཞིག་ཆགས་ཡོད་པས་ད་ནི་ངས་ཁོང་རྣམ་གཉིས་ལ་ཞབས་ཞུ་བསྒྲུབ་ཀྱི་ཡིན་མཐུན་རྐྱེན་སྦྱོར་གྱི་ཡིན་ཞེས་བཤད་དེ་འཚོ་བའི་ཕྱོགས་ལ་མཐུན་རྐྱེན་ཅུང་ཟད་རེ་བསྒྲུབས། རྗེས་སུ་དཔའ་རྒྱ་ས་ཆ་ག་གེ་མོ་ཞིག་ལ་ཁོང་རྣམ་པ་གཉིས་ཀྱི་ཆེད་དུ་མཐུན་རྐྱེན་རེ་འཚོལ་དུ་སོང་བའི་སྐབས་སུ་སྟབས་མ་ལེགས་པར་ཚེ་ལས་འདས། གཏམ་ངན་དེ་གོ་བས་དགེ་འདུན་ཆོས་འཕེལ་གྱིས་འཁོར་བའི་བྱ་བ་ལ་སྙིང་བོ་མེད་པར་སྐྱོ་བ་དང་རང་གི་ཆུང་དུས་ཀྱི་གྲོགས་པོ་དཔའ་རྒྱ་ཚེ་ལས་འདས་པའི་སྡུག་བསྔལ་སེམས་ནས་མ་བཟོད་པར་ད་གཟོད་ཆུང་གྲོགས་རྗེས་དྲན་ཟེར་བའི་སྙན་རྩོམ་འདི་བྲིས་པ་རེད། ལྷ་བ་མགོན་པོ་ཟེར་བ་འདི་ལྷ་བ་ཞིག་རེད། ཁོ་ཆུང་དུས་ཨ་མྱེས་སྟོབས་ཆེན་ཟེར་བའི་ལྷ་དེ་འབབ་ཀྱི་ཡོད། ཨ་མྱེས་སྟོབས་ཆེན་ཟེར་བ་དགེ་འདུན་ཆོས་འཕེལ་གྱི་སྡེ་བའི་གཞི་བདག་གི་མིང་རེད། གཞི་བདག་དེ་ལྷ་འབབ་པའི་ཆ་ནས་ཁོང་གི་མིང་ལ་ཡང་ལྷ་བ་མགོན་པོ་ཞེས་ཐོགས་པ་རེད། དེ་ཡིན་ཙང་<<ཆུང་གྲོགས་རྗེན་དྲན་>>གྱི་བརྗོད་བྱ་དེ་སྤྱིར་དགེ་འདུན་ཆོས་འཕེལ་ལ་འབྲེལ་བ་ཡོད་པའི་བུད་མེད་ཅིག་ལ་གོ་བ་བླངས་ན་མི་ཆོག་པ་མེད་མོད། འདི་ནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བལྟས་ནས་སོང་ན། ཁོ་རང་དང་སྡེ་བ་གཅིག་ཡིན་པ། ཤ་ཁྲག་གཅིག་པའི་གཉེན་ཉེ་ཡིན་པ། དེའི་ཁར་ཆུང་དུས་ཀྱི་འགྲོ་གྲོགས་དང་འདུག་གྲོོགས། ཟ་གྲོགས་དང་འཐུང་གྲོགས། རྩེད་གྲོགས་དང་དགོད་གྲོགས་ཀྱི་གྲོགས་པོ་དཔའ་རྒྱ་ཡིན་པ་ཚིག་ཐག་བཅད་ནས་བཤད་པ་ཡིན། དེ་ཡིན་པའི་རྒྱུ་མཚན་ང་ཚོའི་ས་ཆ་ན་སྐྱེས་ཆེན་དམ་པ་ཨ་ལགས་ཤེས་རབ་ཟེར་བའི་བླ་མ་བགྲེས་པོ་ཞིག་འདུག་པ་དེ་དང་ཨ་མྱེས་ཁྱི་མོ་ཐར་ཟེར་བ་ཁོང་གཉིས་ཀྱིས་ཨ་ལགས་རིག་ལོ་ཚང་(དགེ་འདུན་ཆོས་འཕེལ་)གིས་ཐུགས་སྐྱོ་གདུང་དང་བཅས་ཏེ་དཔ་རྒྱ་ཚེ་ལས་འདས་པའི་གནས་ཚུལ་ལ་དམིགས་ནས་སྙན་ངག་འདི་འདྲ་ཞིག་བྲིས་ནས་ཡུལ་ཕྱོགས་སུ་ཡི་གེ་བསྐུར་ཡོད་པ་རེད་ཅེས་བཤད་པ་དེའི་སྟེང་ནས་ཀྱང་གསལ་བོར་ཤེས་པ་ཡིན།

མཚམས་འདི་ནས་ལ་རྩེ་དཔེ་མཛོད་ཁང་གི་འགན་འཛིན་པ་མཁས་དབང་པདྨ་འབུམ་ལགས་ཀྱིས་དགེ་ཆོས་ཀྱི་སྙན་རྩོམ་རྗེ་གྲུབ་པའི་དབང་ཕྱུག་ཅེས་པ་དང་། ཀ་རྩོམ་ཀ་མ་ལ་ལྟར་ཡངས་པའི་ཞེས་པ་གཉིས་ཀྱང་ང་རང་གི་ལག་ཏུ་ཚུད་ཚུལ་སྐོར་ངོ་སྤྲོད་བྱེད་དགོས་པའི་བཀའ་གསུང་ལྟར་གཤམ་དུ་སྙན་རྩོམ་དེ་གཉིས་ངོ་སྤྲོད་རགས་ཙམ་བྱེད་རྒྱུ་ཡིན།

དགེ་ཆོས་ཀྱིས་རྗེ་གྲུབ་པའི་དབང་ཕྱུག་དྲིལ་བུ་བའི་སྙན་རྩོམ་ཚིག་རྐང་དྲུག་ཅུ་ཐམ་པ་ཡོད་པ་ཞིག་བྲིས་ཡོད། འདི་ངས་དགེ་འདུན་ཆོས་འཕེལ་གྱི་བྱུང་བ་བརྗོད་པ་བདེན་གཏམ་རྣ་བའི་བཅུད་ལེན་འབྲི་དུས་རྨ་ལྷོ་གཅན་ཚ་ན་ཨ་ཁུ་བློ་བཟང་བསམ་གཏན་ཟེར་བ་དགེ་ཆོས་ངོ་ཤེས་མཁན་གྲྭ་བ་(ད་ལྟ་སྐྱ་སར་བབ་ཡོད)ཞིག་ཡོད་པ་ཁོང་གི་བློ་ངོ་ནས་བྲིས་པ་ཡིན། ཡིན་ན་ཡང་ཆ་ཚང་མ་རེད། རྗེས་སུ་ངས་བྲིས་པའི་དགེ་ཆོས་ཀྱི་ལོ་རྒྱུས་དཔེ་ཆ་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པ་དེ་མཐོང་ནས་ཁོང་གིས་ཐུགས་བསམ་མང་དུ་བཏང་སྟེ་སྙན་རྩོམ་ཆ་ཚང་ཁོའི་བློ་ཐོག་ན་ཡོད་པ་མ་ཕྱིར་བཅད་དེ་ང་ལ་ཡི་གེ་བསྐུར་ནས་ཡོང་སོང་། དེ་རིང་རྣམ་པ་ཚོའི་ཕྱག་ན་ཡོད་པ་དེ་ཡིན། ཚིགས་བཅད་དེའི་ནང་དོན་གོ་སླ་བས་ང་ལ་འདི་འདྲ་ཞིག་མ་གཏོགས་བཤད་རྒྱུ་མེད། བློ་བཟང་བསམ་གཏན་འདི་དགེ་འདུན་ཆོས་འཕེལ་གྱི་སློབ་མ་མ་རེད། དགེ་འདུན་ཆོས་འཕེལ་དགུང་ལོ་ཆེ་དུས་ཀྱི་ངོ་ཤེས་རེད། འབྲས་སྤུངས་ཀླུ་འབུམ་ཁང་ཚན་གྱི་རྒན་བགྲེས་པ་དཔལ་ལྡན་ཀླུ་སྒྲུབ་དང་དགེ་ཆོས་རྣམ་པ་སྐྱོ་བསངས་སམ་སྤྲོ་བསངས་ལ་ཕེབས་པའི་སྐབས་ཇ་ལ་སོགས་པ་བསྐོལ་མྱོང་། དགེ་ཆོས་ཕྱོགས་ཡར་མར་ལ་ཆིབས་བསྒྱུར་གནང་སྐབས་ཆིབས་རྟ་ཁྲིད་མཁན་ཡང་བྱས་མྱོང་ཟེར། སྙན་རྩོམ་འདི་སྐབས་དེར་ཡག་པོ་ཡོད་པ་རེད་ཅེས་དགེ་བཤེས་རྣམས་ཀྱི་གསུང་རྒྱུན་ལས་གྲགས་ཡོང་དུས་ཁོས་དགེ་འདུན་ཆོས་འཕེལ་ལ་ཇ་ལ་སོགས་བསྐོལ་མྱོང་། དེའི་སྐབས་དེར་སྙན་ངག་འདི་ཡག་པོ་ཡོད་པ་རེད་ཅེས་གྲགས་ཡོང་དུས་ཁོས་བློ་ལ་བཟུང་པ་ཡིན་ཞེས་བཤད་སོང་།

འདིའི་གཞུག་ན་ཀ་མ་ལ་ལྟར་ཡངས་པའི་བློ་ལྡན་ཞིང་ཞེས་པའི་ཀ་རྩོམ་ཞིག་ཡོད། འདི་ཡང་དགེ་ཆོས་ཀྱིས་བརྩམས་པ་ཞིག་རེད། ཡིན་ནའང་ཆ་ཚང་མ་རེད། མཚོ་སྔོན་ཐར་ཤུལ་དགོན་པ་ན་ལ་མོ་ཡོངས་འཛིན་ཟེར་བའི་བླ་མ་གྲགས་ཅན་ཞིིག་ཡོད་པ་ཁོང་གིས་དང་པོ་བླ་བྲང་བཀྲ་ཤིས་འཁྱིལ་བར་སློབ་གཉེར་གནང་བའི་སྐབས་ཐུགས་འཛིན་མཛད་པར་གསུངས། ཕྱི་ལོ་ ༡༩༩༢ ལོའི་ཉིན་ཞིག་གི་གསོལ་ཇའི་སྐབས་ཤིག་ལ་ཨ་ལགས་ཡོངས་འཛིན་ཚང་གིས་དགེ་འདུན་ཆོས་འཕེལ་གྱི་ཀ་རྩོམ་ཞིག་ངའི་བློ་ལ་འགྲོ་ཞེས་གསུངས་པ་རྣམས་ཨ་ལགས་འཕྲིན་ལས་ཚང་གི་སྤྲུལ་སྐུས་སྨྱུག་སོར་བསྐྱོད་དེ་ཡིག་རིས་སུ་ཕབ་ནའང་མཇུག་གི་ཚིགས་རྐང་བདུན་ཙམ་ཞིག་དམ་པ་གང་གི་བློར་བཞུགས་པའི་ཀ་རྩོམ་མང་བོ་དང་འདྲེས་ནས་འཕྲོ་ཅན་དུ་ལུས་པ་འདི་ཡང་རྣམ་པ་ཚོའི་སྤྱན་ལམ་དུ་ཕུལ་བ་ཡིན། ངས་བཤད་ཚར་སོང་། ད་ནི་རྒྱལ་ཁབ་མང་པོ་ནས་ཕེབས་པའི་མཁས་དབང་དང་ཞིབ་འཇུག་པ་རྣམ་པས་བདག་ལ་དྲི་བ་འདོན་པར་འཚལ།།