You are here

རྗེབ་རེ་ཧོབ་ཀིན་སི། (Jeffrey Hopkins)

རྗེབ་རེ་ཧོབ་ཀིན་སི། (Jeffrey Hopkins)

ཐོག་མར་ངས་དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས་ཇི་ལྟར་བསྒྱུར་པའི་སྐོར་བཤད་ཀྱི་ཡིན། མི་རེ་ཟུང་གིས་ཕལ་ཆེར་ངས་དེ་སྒོར་མོ་རེག་ཐབས་ཆེད་དུ་བསྒྱུར་པ་རེད་བསམ་སྲིད། དངོས་གནས་བཤད་ན། ཕྱི་ལོ་ ༡༩༦༣ ནས་ ༡༩༦༨ བར་ང་ཉིག་ཇིར་སི་ཧྤི་རི་ཝུ་ཌི་ཨེ་ཀེར་སི་(Freewood Acres, New Jersey) ན་ཡོད་པ། དེ་དུས་མིང་ལ་ཨ་རི་ནང་པའི་དགོན་པ་ཟེར་བའི་དགོན་པ་དེར་གཏན་འདུག་བྱས་ནས་བསྡད་པ་ཡིན། ཕྱི་ལོ་ ༡༩༦༦ ཡས་མས་ཤིག་ལ་སྤྱིར་བཏང་འགྲོ་སྟངས་ལྟར་ལྕམ་གཡུ་ཐོག་རྡོ་རྗེ་དགོན་པ་ལ་མཇལ་བར་ཕེབས་སོང་། (དུས་སྐབས་དེར་ཨ་རི་ལ་ཡོང་མཁན་བོད་པ་ཕལ་མོ་ཆེས་ཉིག་ཇིར་སི་ཡི་དགོན་པ་འདི་ལ་མཇལ་དུ་འགྲོ་སྲོལ་ཡོད) ཁོ་མོས་དང་ཐོག་ང་ལ་མོ་རང་གི་ལོ་རྒྱུས་བསྒྱུར་རོགས་ཞེས་བཤད་བྱུང་བར། མཐའ་མར་དེ་གཡུ་ཐོག་ཁང་པ་(House of the Turquoise Roof) ཞེས་པའི་བཏགས་མིང་ལ་པར་སྐྲུན་བྱས་ཡོད་ནའང་། སྐབས་དེ་དུས་ང་ཚོའི་བསྒྱུར་སྟངས་དང་ཅུང་མི་འདྲ། ང་ཚོ་མཉམ་གཅིག་ཙོག་པུར་བསྡད་དེ་ཁོ་མོའི་མི་ཚེའི་སྐོར་ལ་གླེང་མོལ་བྱས་ཤིང་དེ་ལྟར་ངས་ཁོ་མོའི་ལོ་རྒྱུས་ཡིག་ཆ་དེ་དབྱིན་ཇི་ལ་བསྒྱུར་པ་ཡིན།

སྐབས་དེར་ཉིན་ཞིག ལྕམ་གཡུ་ཐོག་རྡོ་རྗེ་ཡིས་གསར་དུ་པར་བརྒྱབ་པའི་དགེ་འདུན་ཆོས་འཕེལ་གྱི་ཡིག་ཆ་ཞིག་ལག་ཏུ་བཟུང་ཞིང་། འདོད་པའི་བསྟན་བཅོས་ཀྱི་དེབ་ཐོན་འདུག་ཅེས་བསྒྲགས་བཞིན་དགོན་པ་ལ་ཕེབས་སོང་། ཀ་རྨ་ཤཱ་སིཊིར་kamasastra ཟེར་བའི་མིང་འདི་ནི་དགེ་འདུན་ཆོས་འཕེལ་གྱིས་བཏགས་ཤིང་། དེ་ལྟར་འདོགས་དོན་ཡང་རྒྱ་གར་གྱི་གྲགས་ཆེ་བའི་འདོད་པའི་བསྟན་བཅོས་ཀརྨ་སུཊིར་kamasutra ལ་གཞི་བཅོལ་ནས་བརྩམས་ཡོད་པ་སྟོན་ཆེད་རེད། ཁོ་མོས་དེབ་འདིས་ཨ་རི་མི་ལ་ཕན་ཐོགས་ཡོང་གི་རེད། ཁྱེད་ཀྱིས་དེ་བསྒྱུར་ཐུབ་བམ་ཞེས་དྲིས་བྱུང་།

ང་དེ་ལ་ཧང་སངས་སོང་། ཨ་ཙི། ང་དགོན་པ་ཞིག་གི་ནང་དུ་འདུག་གི་ཡོད་པ་རེད། ང་འདི་ལ་དེ་བསྒྱུར་བར་ཡོང་པ་མིན། ང་ལ་དེ་བསྒྱུར་འདོད་རྩ་བ་ཉིད་ནས་མེད། ངའི་སེམས་ལ་ད་ངས་ག་རེ་བྱས་ན་ཡག་གམ་བསམ་སོང་། ངས་དེ་བསྒྱུར་མི་དགོས་པའི་འབད་བརྩོན་བྱས་ནའང་། ཁོ་མོ་དང་འབྲེལ་བ་ཡག་པོ་བཟུང་འདོད་ཡོད། ངས་ཁོ་མོ་ལ་ལན་མཁས་པོ་ཞིག་བརྒྱབ་པ་ཡིན། ང་ཚོས་མཁན་པོ་ལ་ཞུ་ཆོག ཁོང་གིས་ང་ལ་ཆགས་པའི་སྐོར་གྱི་དེབ་ཅིག་བསྒྱུར་ཏུ་འཇུག་མིན་དྲིས་ཆོག། ཁོང་གིས་དེ་བསྒྱུར་བར་ངོ་རྒོལ་བྱེད་ཀྱི་རེད་བསམ་སོང་། དེ་ལྟར་ང་ཚོས་ཁོང་ལ་ཞུས་པ་ཡིན། ཁོང་གིས་དེ་ལས་ལྡོག ཨོ་དེ་འགྲིག་གི་རེད་ ཅེས་གསུངས་སོང་། མ་བསམ་ས་ནས་ང་ལྐུགས་པ་བཟོས་སོང་།

དགེ་བཤེས་དབང་རྒྱལ་ཡང་དགེ་འདུན་ཆོས་འཕེལ་གྱིས་ནང་པའི་ལྟ་གྲུབ་ཐོག་ལ་སློབ་གཉེར་གནང་ས་སྒོ་མང་གྲྭ་ཚང་ནས་ཡོང་པ་རེད། ཁོང་ཚོ་དུས་སྐབས་གཅིག་གི་དགེ་ཕྲུག་དང་གྲྭ་བ་རེད། ཁོང་གིས་ཅིའི་དོན་དུ་དེ་བསྒྱུར་བར་མོས་མཐུན་གནང་བ་ངས་མི་ཤེས། གང་ལྟར་ང་ཧང་སངས་སོང་ལ་དེ་ནས་ཐར་མ་སོང་། ལྕམ་གཡུ་ཐོག་དང་ངེད་གཉིས་བདུན་ཕྲག་རེ་རེར་ཐེངས་རེར་ལམ་འགྲམ་གྱི་ཁང་པ་ཞིག་ཏུ་འཛོམས་ཏེ། དགེ་འདུན་ཆོས་འཕེལ་གྱི་ཡིག་ཆ་དེ་ཕྱི་ལོ་ ༡༩༦༦ དང་ ༡༩༦༧ ལོ་གཉིས་ནང་ལ་དཀའ་ཚེགས་ཆེན་པོས་ཞིབ་ཀློག་བྱས་པ་ཡིན། ཁོ་མོས་བརྡ་རྙིང་ཁག་ཅིག་གི་ནང་དོན་དེ་ང་ལ་རྣམ་འགྱུར་དང་གཟུགས་པོའི་དབྱིབས་འདྲ་མིན་བསྟན་ནས་འགྲེལ་བཤད་རྒྱག་གང་ཐུབ་བྱས་པ་རེད། ང་ལ་དངོས་གནས་སྤྲོ་བ་ཅི་ཡང་འཕེལ་མ་སོང་། ཡིན་ནའང་ངས་ལས་འགན་དེ་ནས་གཡོལ་མེད། དེ་ངས་བྱེད་དགོས་པའི་ལས་འགན་ཞིག་རེད་ལ། བྱས་ཀྱང་བྱས་པ་ཡིན།

ངས་འགྱུར་དེ་སྨར་ཁི་རྒིར་སི་ཝོལ་ཌི་ཟེར་བའི་སྨྱུག་མིང་བཀོད་ནས་པར་ཁང་ཞིག་ལ་བསྐུར་པ་ཡིན། པར་ཁང་དེ་དེ་ལ་འདོད་པ་ཁྱོན་ནས་བྱུང་མི་འདུག དེར་བརྟེན་འགྱུར་དེ་ལོ་བཅུ་གཉིས་ལྷག་ལ་ལུས་པ་རེད། ངས་དེ་བེད་སྤྱོད་ག་དུས་བཏང་པ་ཡིན་ཟེར་ན། མཐའ་མཇུག་ང་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོ་ཡི་ཞིབ་འཇུག་སློབ་མ་བྱེད་དུས་ངས་དེ་བེད་སྤྱོད་བཏང་པ་ཡིན། བེད་སྤྱོད་གཏོང་དོན་ནི་ང་ནང་པའི་ཆོས་གཞུང་ཁོ་ན་མ་ཡིན་པར་གཞན་ལ་ཡང་དོ་སྣང་ཡོད་པ་སྟོན་ཆེད་ཡིན། ངའི་དགེ་རྒན་ཆེན་མོ་རྣམས་དགའ་མགུས་ཁེངས་སོང་། (དེས་མི་ཚོ་ལ་སོ་སོ་ནང་པའི་ཆོས་གཞུང་གཅིག་པུ་མ་ཡིན་པར་གཞན་ལ་ཡང་དོ་སྣང་ཡོད་པ་ཤེས་པར་བཅུག་ཐུབ་པ་དེ་ཇི་འདྲའི་བརྗོད་དཀའ་བ་ཞིག་མ་རེད་ཨང་།)

ཕྱི་ལོ་ ༡༩༧༣ ལོར། ངས་ཝིར་ཇིན་ཉི་ཡ་སློབ་གྲྭ་ཆེན་མོར་སློབ་ཁྲིད་བྱེད་མགོ་བཙུགས་པ་ཡིན། ལོ་ ༡༥ ཙམ་གྱི་རྗེས་ངའི་སློབ་མ་གཅིག་ཆགས་པའི་དེབ་འདི་འདྲའི་ཐོག་ལ་དོ་སྣང་སླེབས་པ་རེད། ངས་དེ་འདྲ་ཞིག་བོད་ནས་བསྒྱུར་ཡོད་ཅེས་ཁོ་ལ་བཤད་པ་ཡིན། ཁོས་དེ་ཀམ་པུ་ཊར་ནང་ལ་བཅུག་པ་རེད། མཐའ་མ་ཕྱི་ལོ་ ༡༩༩༡ ལོར་ང་ལ་དེ་མགོ་ནས་བསྐྱར་དུ་བསྒྱུར་བའི་གོ་སྐབས་རེག་སོང་། གཞི་ནས་ངས་དེའི་བྲོ་བ་རྙེད་སོང་། དེས་མ་ཚད་ངས་གནའ་བོའི་ཆགས་པའི་དེབ་ཀྱི་སྐོར་ལ་ཞིབ་འཇུག་མང་པོ་བྱས་པར། མང་ཆེ་བ་ཁྱོ་གས་བུད་མེད་བསླུ་བྲིད་བྱས་ཏེ་བུད་མེད་རྣམས་ཁྱོ་གའི་བདེ་བའི་ཆེད་སྤྱོད་ཉར་བྱེད་པའི་ལྟ་ཚུལ་སྟེང་ནས་བྲིས་པ་ཤ་སྟག་ཡིན་པ་ཤེས་རྟོགས་བྱུང་། ཡིན་ནའང་དགེ་འདུན་ཆོས་འཕེལ་གྱི་དེབ་ནི་ཡ་མཚར་བ་ཞིག་ལ། ཁོང་གིས་མ་མཐའ་ཡང་རྒྱ་གར་གྱི་ཆགས་པའི་དེབ་རིགས་བརྒྱད་ཙམ་ལ་ཞིབ་འཇུག་བྱས་པའི་འབྲས་བུ་ཞིག་རེད། (ཁོང་གིས་ཆགས་པའི་དེབ་རིགས་སུམ་ཅུ་ཙམ་ཡོད་པར་བཤད་མོད། ཁོང་རང་ཉིད་ཀྱིས་དེབ་རིགས་བརྒྱད་ལ་བལྟས་ཡོད་ངེས་ཅན་རེད། ང་ལ་དེ་ཚོ་མང་ཆེ་བ་རེག་སོང་) ཁོང་གིས་དེ་ཚང་མ་དབྱེ་བཀར་བྱས་ཡོད་པ་རེད། ཁོང་གིས་བུད་མེད་ལ་ཚད་མཐོའི་བརྩི་བཀུར་བྱས་འདུག་པ་མ་ཟད། ཆགས་པའི་སྐབས་ཀྱི་བུད་མེད་ཀྱི་ཉམས་མྱོང་ལ་ཡང་བརྩི་བཀུར་བྱས་འདུག ཁོང་གི་དེབ་དེ་གཙོ་བོ་བུད་མེད་ཀྱི་མཐོང་ཚོར་གཞི་བཞག་སྟེ་བུད་མེད་ལ་བདེ་བ་ཆེ་རུ་སྦྱིན་ཐབས་ཆེད་བྲིས་པ་ཞིག་རེད་འདུག དེ་ནི་དེབ་འདིའི་དང་བ་འདྲེན་བྱེད་གཙོ་བོ་དེ་རེད་ལ། ཕལ་ཆེར་ལྕམ་གཡུ་ཐོག་གིས་ཕྱི་ལོ་ ༡༩༦༦ ལོ་ལ་དེབ་འདིས་ཨ་རིའི་མི་ལ་ཕན་ཐོགས་གི་རེད་ཟེར་དོན་ཡང་དེ་ཡིན་པ་རེད།

དབྱིན་ཇིའི་འགྱུར་དེ་ཕྱི་ལོ་ ༡༩༩༢ ལོ་ལ་པར་སྐྲུན་བྱས་པ་རེད། དབྱིན་ཇིའི་འགྱུར་དེ་ཨི་ཊ་ལི་དང་སི་པེན། འཇའ་པན། པོ་ལཎཌི། ཀོ་རི་ཡ། པོར་ཇི་རྒི། རྒྱ་ནག ཨུ་རུ་སུ་ལ་བཅས་སྐད་རིགས་དགུ་ཡི་ནང་ལ་བསྒྱུར་ཡོད་པ་རེད། རྒྱ་ནག་གི་འགྱུར་དེ་ང་ན་ནིང་ཐེ་ཝན་ལ་ཡོད་དུས་ཐོན་པ་རེད། དེ་ཡང་དེང་སང་ཐེ་ཝན་ནང་དུ་བོད་ཀྱི་ནང་ཆོས་ལ་ཕྱོགས་གང་ཐད་ནས་དོ་སྣང་ཆེན་པོ་སླེབས་པའི་དུས་སྐབས་ཤིག་ཡིན་པས་དེའི་ཐོག་ལབ་གླེང་མང་པོ་བྱུང་ཡོད་པ་རེད། བོད་ཀྱི་བླ་མས་ཆགས་པའི་སྐོར་ལ་དེབ་འབྲི་གི་ཡོད་པ་རེད། དེ་འགྲིག་གི་ཨེ་ཡོད། ཚང་མས་ཤེས་གསལ་ལྟར། རྒྱ་མིའི་སྤྱི་ཚོགས་ནང་དུ་ང་ཚོས་འདི་ཚོའི་སྐོར་བཤད་རུང་གི་མ་རེད། ཡིན་ནའང་དགེ་འདུན་ཆོས་འཕེལ་གྱི་དེབ་ཀྱི་སྐོར་ལ་གཟུགས་མཐོང་བརྙན་འཕྲིན་ནང་ལ་སྐར་མ་ ༤༠ ལ་བགྲོ་གླེང་བྱས་པ་རེད།

ངས་ཕྱི་ལོ་ ༡༩༩༡ ལོ་ལ་སྔ་མའི་འགྱུར་ལ་ཞུ་དག་བཏང་སྟེ། ང་རང་འཛན་ཕོ་ཞིག་ཡིན་ཞེས་ཕྱི་ལོགས་ལ་ཁྱབ་བསྒྲགས་བྱས་ཤིང་། དེབ་དེ་རྒྱུ་ཆ་བྱས་ཏེ་མཚན་གཅིག་ཆགས་སྤྱོད་ཡིག་ཆ་ཞིག་ཏུ་བསྐྱར་སྒྲིག་བྱེད་ཐུབ་པ་ཡིན་ན་ཕན་ཐོགས་ཡོང་གི་རེད་བསམ་སོང་། གང་ཡིན་ཟེར་ན་སོ་སོའི་ཟླ་བོ་ལ་བརྩེ་བའི་རྣམ་པ་སྟོན་ཐུབ་ཀྱི་རེད། དེའི་སྟབས་ཀྱིས་ངས་འཛན་ཕོའི་ཆགས་སྲེད་སྐོར་ལ་ང་རང་གི་མིང་ཐོག་ནས་འགྱུར་གཞན་པ་ཞིག་པར་སྐྲུན་བྱས་པ་ཡིན། དེ་ཡང་དགེ་འདུན་ཆོས་འཕེལ་ཀྱི་དེབ་ལ་གཞི་བཞག་པ་ཡིན་ཞེས་བརྗོད་ཡོད།

ངས་དགེ་འདུན་ཆོས་འཕེལ་གྱི་རྒྱུ་ཆ་བེད་སྤྱོད་བྱས་ནས་དེབ་གཉིས་པ་འདོན་དགོས་པའི་ཀུན་སློང་ནི་དགེ་འདུན་ཆོས་འཕེལ་ཁོང་རང་གིས་བོད་པའི་ཆེད་དེབ་འབྲི་དགོས་པའི་ཀུན་སློང་དེ་དང་གཅིག་པ་ཡིན། ངས་ང་རང་གི་དེབ་དེ་ཨ་རིའི་མི་དམངས་ཆེད་དུ་བྲིས་པ་ཡིན། ཨ་རི་ལ་འཛན་ཕོ་ཁ་ཤས་ཆགས་སྲེད་ཀྱི་བཀག་རྒྱ་དང་ཁོ་ཚོའི་བརྩེ་དུང་ཇི་ལྟར་སྟོན་པའི་ཁོར་ཡུག་གི་འགལ་ཟླ་ཁྲོད་ནས་རང་སྲོག་གཅོད་ཀྱི་ཡོད། ང་རང་བཙོག་མིང་གི་ཞོར་དུ་བཟང་ཆ་ཅུང་ཟད་ཡོད་པའི་འཛན་ཕོ་ཞིག་ཡིན་པའི་ཆ་ནས་འདི་འདྲའི་དེབ་ཅིག་བཏོན་ཏེ་ང་རང་གི་འཛན་ཕོའི་ངོ་གདོང་ཇེ་བརྟན་དུ་གཏོང་རྒྱུ་ནི་ངའི་ལས་འགན་རེད། དེ་མིན་མི་ཚོས་ངས་འབག་ཅིག་གོན་ནས་རང་ཉིད་ཀྱི་ངོ་གདོང་ངོ་མའི་ཆ་དེ་སྦ་གསང་བྱེད་ཀྱི་འདུག་བསམ་སྲིད། འདི་འདྲའི་བསླུ་བྲིད་ཀྱི་དོགས་པས་འགལ་ཟླའི་ཁྲོད་གནས་པའི་མི་རྣམས་ཀྱི་གནས་སྟངས་ཇེ་སྡུག་ཏུ་གཏོང་གི་ཡོད། ང་འཛན་ཕོ་ཞིག་ཡིན་པ་ཤེས་རྗེས། མི་འདི་ངོ་ཡང་ཚ་གི་མི་འདུག་ཅེས་ཁོ་ཚོས་བསམ་སྲིད། དེར་བརྟེན། ངས་འཛན་ཕོའི་ཆེད་དེབ་ཅིག་བྲིས་ན་གཅིག་བྱས་ན་མི་ཁ་ཤས་ལ་ཕན་ཐོགས་ཡོང་གི་རེད་དྲན་སོང་། དངོས་གནས་མི་ཁ་ཤས་ཤིག་གིས་ཁྱེད་ཀྱིས་ངའི་མི་ཚེ་སྟབས་བདེ་རུ་བཏང་སོང་ཞེས་བརྗོད་བྱུང་། ངའི་བསམ་བློ་ལ་དགེ་འདུན་ཆོས་འཕེལ་གྱི་དེབ་དངོས་མ་དེས་བོད་པའི་མི་ཚང་ཁ་ཤས་ལ་བདེ་སྐྱིད་སྦྱིན་ཡོད་ཀྱི་རེད་བསམ་གྱི་འདུག དགེ་འདུན་ཆོས་འཕེལ་གྱིས་དེབ་དེ་འབྲི་དགོས་པའི་ཀུན་སློང་དང་ལྕམ་གཡུ་ཐོག་གིས་དེབ་དེ་བསྒྱུར་རོགས་ཟེར་དགོས་པའི་ཀུན་སློང་དེ་འདི་ཡིན་པ་གསལ་བོ་རེད།

འཁྲུག་ཆ་ཆེ་བའི་ཚོགས་འདུ་འདིས་ངའི་སེམས་ལ་གཤམ་གསལ་གྱི་དྲི་བ་འདི་དག་བཀོད་གནང་སོང་།

༡། དགེ་འདུན་ཆོས་འཕེལ་དངུལ་ལོ་རྫུན་མ་བཟོས་པར་བརྟེན་ནས་ཕྱི་ཚུལ་ཙམ་གྱིས་འཛིན་བཟུང་བྱས་པ་ཡིན་ན། དེ་ལ་བདེན་རྒྱབ་ཁུངས་སྐྱེལ་བྱེད་རྒྱུ་ཅི་ཞིག་ཡོད་དམ། ཁོང་གིས་བོད་ཀྱི་དངུལ་ལོའི་འདྲ་བཤུས་བཟོས་མྱོང་ཡོད་དམ།

༢། དགེ་འདུན་ཆོས་འཕེལ་ལ་དངོས་སུ་ཁྲིམས་ཐོག་གྱོད་འཛུགས་བྱས་ཡོད་དམ།

༣། ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ངོ་མ་ཅི་ཡིན་ནམ། ཁོང་འཛིན་བཟུང་བྱེད་མཁན་ཇུས་འདོན་པ་གཙོ་བོ་སུ་ཡིན་ནམ།

༤། དགེ་འདུན་ཆོས་འཕེལ་གྱི་སྐྱེས་སྨན་གྱིས་ཁོང་བཀག་སྐྱིལ་བྱས་རྗེས་ཁོང་ལ་ཅི་ཞིག་བཤད་ཡོད་དམ།

༥། དགེ་འདུན་ཆོས་འཕེལ་ཏཱ་ལའི་བླ་མ་ཡི་ཡོངས་ཁྱབ་ནག་ཉེས་གུ་ཡངས་གཏོང་ཁོངས་ནས་གློད་དཀྲོལ་བྱས་ཡོད་དམ། ཁོང་གི་གློད་དཀྲོལ་དེ་མི་གཞན་པ་གློད་པའི་རྗེས་ནས་བྱུང་བ་ཡིན་ནམ། དེ་ལྟར་ཡིན་ན། ཁོང་གི་དོན་དག་དེ་གཞན་དང་མ་འདྲ་བའི་རྙོག་འཛིང་བྱ་དཀའ་བའི་རིགས་ཤིག་ཡིན་ནམ།

༦། གལ་སྲིད་དགེ་འདུན་ཆོས་འཕེལ་ལོ་གཉིས་དང་ཟླ་བཞིའི་རིང་འཛིན་བཟུང་བཙོན་འཇུག་བྱས་༼རྒྱལ་ཁབ་ཀྱི་དགྲ་བོ་གཅིག་ཡིན་ཞེས༽ཡོད་ཚེ། དགེ་འདུན་ཆོས་འཕེལ་སྤྱི་ལོ་༡༩༥༠བའི་ལོ་རབས་ནང་དུ་བོད་ཀྱི་ཆབ་སྲིད་ལ་ཤུགས་རྐྱེན་དེ་འདྲ་མེད་པས་ཁོང་གི་ཆབ་སྲིད་ལོ་རྒྱུས་ནང་འབྲི་འོས་པའི་ཚིག་བརྗོད་ཅི་ཡང་མེད་ཅེས་མེལ་རྒོལ་སི་ཊེན་གྱིས་དེ་ལྟར་བརྗོད་དགོས་དོན་ཅི་ཡིན་ནམ། ཁོང་འཛིན་བཟུང་བྱས་ཡོད་སྐོར་དུས་སྐབས་དེར་དོ་སྣང་བྱུང་མེད་པ་ཡིན་ནམ། ཡང་ན་ཁོང་གི་འཛིན་བཟུང་གི་དོན་རྐྱེན་དེས་ཁོང་དང་དུས་མཉམ་གྱི་མི་རྣམས་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་དམ།

༧། བོད་ཕྱི་ནང་གཉིས་ཀའི་བོད་གཞུང་གིས་དགེ་འདུན་ཆོས་འཕེལ་འཛིན་བཟུང་བྱས་པར་དགོངས་སེལ་ཞུས་ཡོད་དམ། གལ་སྲིད་དགོངས་སེལ་བྱས་མེད་ན། ཁོང་གི་འདི་ནི་སྦ་གསང་བྱས་པའི་ནག་ཉེས་ཉིན་ནས་ཉིན་རེ་བཞིན་ཇེ་ཆེར་དང་ཇེ་སྡུག་ཏུ་འགྲོ་བཞིན་པ་ཞིག་རེད་དམ།

༨། དགེ་འདུན་ཆོས་འཕེལ་བཙོན་འཇུག་བྱེད་སའི་བཙོན་ཤག་གི་སྒོ་ཐེལ་དེ་ཁོང་གློད་དཀྲོལ་བྱེད་སྐབས་བཅག་གཏོར་བྱས་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ། དེ་ལྟར་ཡིན་ན། ཁོང་གི་བཙོན་ཤག་གི་སྒོ་དམ་པོར་བརྒྱབ་སྟེ་ཁོང་ཕྱི་ལོགས་ལ་ཁམས་གསེང་བྱེད་པར་གཏན་ནས་འགྲོ་བཅུག་མེད་དམ། ཁོང་གི་བཙོན་ཤག་ལ་བཟའ་བཏུང་རིགས་སྐྱེལ་སྐབས་ཁོང་གིས་ཐ་མག་གི་སྤྱིལ་ཤོག་སྟེང་ཡི་གེ་བྲིས་ནས་བསྐུར་གཏོང་བྱེད་ཀྱི་ཡོད། དེ་རྣམས་བཙོན་ཁང་༼ཁོང་གི་བཙོན་ཤག༽ནས་དངོས་སུ་ཁོང་ལ་ངོ་ཐུག་བྱས་ནས་རེག་ཡོད་དམ། ཡང་ན་བཙོན་སྲུང་པ་བརྒྱུད་ནས་རེག་པ་ཡིན།

༩། ཚོགས་འདུའི་མི་ཞིག་གིས་ཁོང་གི་བཙོན་ཤག་གི་རྩིག་ངོར་བྲིས་ཡོད་པའི་སྙན་གྲགས་ཆེ་བའི་ཤོ་ལོ་ཀ་དེ་དོན་ངོ་མས་སྐབས་དེར་མི་འདུག་ཅེས་བཤད་སོང་། དེ་བདེན་པ་ཡིན་ནམ།

༡༠། དགེ་འདུན་ཆོས་འཕེལ་ཁོང་བཙོན་ཁང་དུ་བཞུགས་སྐབས་ཉལ་ཐ་འཐེན་རྒྱུར་ངན་ལོབ་ཆགས་ཡོད་པ་རེད་དམ། སུས་ཁོང་ལ་ཉལ་ཐ་མཁོ་སྤྲོད་བྱས་པ་རེད། ཉལ་ཐ་ཅིའི་དོན་དུ་སྤྲད་པ་རེད།

༡༡། དགེ་འདུན་ཆོས་འཕེལ་གྱིས་ཚད་མ་རྣམ་འགྲེལ་ Dharmakirti’s Commentary on (Dignaga’s) “Compilation of Prime Cognition”༼ཆ་ཤས་ཤིག༽དེ་མི་གཞན་ཞིག་གི་མཉམ་དུ་དབྱིན་ཇིའི་སྐད་ཡིག་ལ་ཕབ་བསྒྱུར་བྱས་ཡོད་སྐོར་འབྲི་བརྗོད་བྱས་པ་ཡོད་དམ། བྱས་ཡོད་ན། མཉམ་བསྒྱུར་བྱེད་རོགས་མི་དེ་སུ་རེད།

༡༢། དགེ་འདུན་ཆོས་འཕེལ་ལ་ཆགས་སྲེད་ཆེད་དུ་མིའི་རིང་ཐུང་གི་ཚད་ཡོད་པའི་བུད་མེད་ཀྱི་ཨ་ལད་པད་ཀོ་གསོབ་གཟུགས་གཅིག་ཡོད་དམ། ཡོད་ན། ཁོང་བཙོན་འཇུག་བྱས་རྗེས་དེ་ལ་ཅི་ཞིག་བྱུང་པ་རེད།

༡༣། དགེ་འདུན་ཆོས་འཕེལ་དང་ཕ་བོང་ཁ་ཡི་འབྲེལ་བ་དེ་ག་རེ་རེད། ཕ་བོང་ཁ་ལྟ་བུའི་དགེ་ལུགས་པ་རྣམ་དག་ཅིག་གིས་དགེ་འདུན་ཆོས་འཕེལ་ལྟ་བུ་ཙོང་ཁ་བ་ཡི་ལྟ་ཚུལ་མང་པོ་ཁས་ལེན་གཏན་ནས་མི་བྱེད་མཁན་ཞིག་ལ་དགའ་མོས་བྱེད་པ་ཁྱད་མཚར་པོ་ཞིག་རེད།༼སྤྱིར་དགེ་ལུགས་པ་འགའ་རེས་རྙིང་མ་བ་དང་རྙིང་མ་བས་དགེ་ལུགས་པའི་ལྟ་ཚུལ་ལ་དགའ་མོས་མི་བྱེད་མོད། འོན་ཀྱང་ཕ་བོང་ཁ་ནི་དེ་ལྟར་མིན་པར་སྣང་༽

༡༤། དགེ་འདུན་ཆོས་འཕེལ་གྱིས་རྩོམ་རིག་གི་རྣམ་པ་གསར་པ་ཞིག་གསར་གཏོད་བྱས་མེད་ཅེས་པའི་ཚེ་རིང་ཤཱཀྱ་ཡི་གསལ་བཤད་ཅི་ཞིག་རེད། དཔེར་ན། རྩོམ་རིག་གི་རྣམ་པ་གསར་པ་ཞིག་གསར་གཏོད་བྱས་པ་དེ་ཤེས་ཡོན་ཅན་གྱི་ལས་འགུལ་རྩོམ་མཁན་ཞིག་གི་གལ་ཆེའི་རིན་ཐང་གི་ཚད་འཇལ་བྱེད་ཡིན་ནམ།

༡༥། ཚོགས་ཞུགས་པ་ཚོར་བསྟན་པའི་སྒམ་ནག་པོའི་འདྲ་པར་དེ་དགེ་འདུན་ཆོས་འཕེལ་གྱི་བྲིས་རྩོམ་བཅུག་ཡོད་ཟེར་བའི་སྒམ་ནག་པོ་སྐད་གྲགས་ཅན་དེ་ཡིན་ནམ།

༡༦། དགེ་འདུན་ཆོས་འཕེལ་གྱིས་སི་ལིངྒ་ལ་ག་རེ་བྱས་ཡོད་དམ།

༡༧། རྒྱ་གར་ལ་མ་བསྐྱོད་གོང་དགེ་འདུན་ཆོས་འཕེལ་སྒོ་མང་དུ་བཞུགས་སྐབས་ཀྱི་མཚན་གནས་ཅི་ཞིག་ཡིན་ནམ།

༡༨། སྲོལ་ལུགས་ཀྱི་བཀག་རྒྱ་གཏོར་བྱེད་དགེ་འདུན་ཆོས་འཕེལ་གྱི་ལྷུག་རྩོམ་དང་སྙན་ངག་གི་ནང་དུ་དོན་སྙིང་ཅི་ཞིག་ཡོད་དམ།