You are here

པད་མ་འབུམ།

པད་མ་འབུམ།

དངོས་གནས་བྱས་ན། དེ་རིང་ཀུན་ཕན་ཐེབས་རྩ་ཚོགས་པ་ཡི་གཙོ་འཛིན་ཨིན་ཌི་ཡ་སོ་རོ་སི་ཀོ་ལོམ་སྦེལ་གྱི་ཚོགས་འདུ་འདིར་ཕེབས་ནས་ཚོགས་འདུ་འདིའི་དམིགས་ཡུལ་གསལ་བཤད་དང་སྦྲགས་ནས་ཚོགས་ཞུགས་པ་ཚང་མ་ཕེབས་བསུའི་གསུང་བཤད་གནང་འཆར་ཡིན་ཡང་། སྐབས་དོན་ཞིག་བྱུང་ནས་མོ་ཕེབས་མ་ཐུབ་པ་རེད། མོས་གྲ་སྒྲིག་གནང་ཚར་བའི་ཡིག་ཐོག་གི་གསུང་པར་དུ་བརྒྱབ་ནས་ཚོགས་ཞུགས་ཚང་མར་ཕུལ་ཡོད།

ད་ལོའི་ ཟླ ་བ་ ༣ ཚེས་ ༨ ལ་ང་ཚོའི་དཔེ་མཛོད་ཁང་སྒོ་འབྱེད་བྱས་པ་ཡིན། དེ་དུས་ངའི་གཏམ་བཤད་ཀྱི་ནང་ལ་ལ་རྩེ་ཟེར་བའི་མིང་དེ་ཇི་ལྟར་བཏགས་པའི་སྐོར་འགྲེལ་བཤད་བྱས་ཡོད་པ་ལ་རྩེའི་གསར་འཕྲིན་དང་པོའི་ནང་ལ་འཁོད་ཡོད། དཔེ་མཛོད་ཁང་འདིའི་མིང་ཆ་ཚང་ནི་ལ་རྩེ་དེང་རབས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་ཡིན། དེ་རིང་ངས་དཔེ་མཛོད་ཁང་འདིའི་མིང་གི་ཆ་ཤས་ “དེང་རབས་”ཞེས་པ་འདིའི་ཡོང་དོན་འགྲེལ་བཤད་ཅིག་བྱས་ན་ང་ཚོའི་དཔེ་མཛོད་ཁང་འདིའི་ངོ་བོ་དང་དེ་རིང་ང་ཚོ་འདིར་འཛོམས་ནས་དགེ་འདུན་ཆོས་འཕེལ་འཁྲུངས་ནས་ལོ་བརྒྱ་ཐམ་པ་འཁོར་བ་རྗེས་དྲན་བྱེད་དོན་གཉིས་ཀ་ཇེ་གསལ་ལ་འགྲོ་བཪ་ཕན་ཐོགས་ཡོད་པ་མཐོང་སོང་། དེ་བས་ཐོག་མར་ངས་འདིའི་སྐོར་ལ་ཚིག་འགའ་ཤས་ཤིག་ཞུས་ཆོག་པ་ཞུ།

སྤྱིར་བཏང་"དེང་རབས་"ཟེར་བ་འདི་ལ་མིའི་རིགས་རིག་པ་དང་། སྤྱི་ཚོགས་རིག་པ། སྒྱུ་རྩལ་དང་རྩོམ་རིག་བཅས་ཀྱི་རིག་ཚན་སོ་སོའི་ཁོངས་ན་མཚན་ཉིད་འཇོག་སྟངས་སྣ་ཚོགས་ཤིག་ཡོད་པ་འདྲ། ཡིན་ནའང་ང་ཚོས་རིག་ཚན་དེ་དག་གི་གོ་དོན་གཏིང་ཟབ་པའི་མཚན་ཉིད་དེ་ང་ཚོའི་ "དེང་རབས་"ཀྱི་ཐོག་ལ་རྒྱས་འགེབས་བྱས་མེད། བྱེད་ཐབས་ཀྱང་ཡོད་པ་མ་རེད། ང་ཚོའི་དེང་རབས་ཟེར་བ་ནི་དུས་ཀྱི་ཆ་ནས་ཡིན། དུས་ཀྱི་ཆ་ནས་དེ་རིང་ཚོགས་ཁང་འདིའི་ནང་ན་ཡོད་པ་མི་ཐོག་འདི་དང་ཐག་ཉེ་བའི་ཆ་ནས་ཟེར་གྱི་ཡོད། དེ་ཡང་དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་ནང་ལ་བོད་ལ་དུས་འགྱུར་ཆེན་མོ་བྱུང་ཚུན་ཆད་ཀྱི་དུས་སྐབས་དེ་གཙོ་བོར་བཟུང་ཡོད།

ཚང་མས་མཁྱེན་གསལ་ལྟར། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བོད་བརྒྱུད་ནང་ཆོས་ཀྱིས་གཙོས་པའི་དུས་རབས་ཉི་ཤུ་སྔོན་གྱི་བོད་ཀྱི་རིག་གཞུང་དང་ལོ་རྒྱུས། རྣམ་ཐར་སོགས་ལ་དཔེ་མཛོད་ཁང་ཡང་དུ་མ་ཡོད་ཅིང་། ཞིབ་འཇུག་ཀྱང་མང་པོ་བྱས་ཡོད་པ་རེད། ཡིན་ན་ཡང་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་ཚུན་ལ་བོད་ཀྱི་སྤྱི་ཚོགས་དང་རིག་གཞུང་ལ་འགྱུར་བ་ཧ་ཅང་ཆེན་པོ་ཞིག་བྱུང་ཡོད་ན་ཡང་དེའི་ཚོད་ཀྱིས་ཞིབ་འཇུག་བྱེད་མཁན་ཉུང་བ་དང་། ཞིབ་འཇུག་བྱེད་མཁན་རེ་ཟུང་ཡོད་ན་ཡང་ཞིབ་འཇུག་གི་རྒྱུ་ཆ་ཆ་ཚང་བ་དང་གྱ་ནོམ་པ་ཞིག་འཚོལ་ས་མེད་པའི་གནས་སུ་གྱུར་ཡོད། འདི་ནི་བོད་རིག་པའི་ཞིབ་འཇུག་གི་བར་སྟོང་ཞིག་རེད། བར་སྟོང་འདི་ནི་ལ་རྩེ་དཔེ་མཛོད་ཁང་གི་འཁྲུངས་ས་ཡིན་ལ། བར་སྟོང་འདི་གསབ་པ་ནི་ལ་རྩེ་དཔེ་མཛོད་ཁང་གི་དམིགས་ཡུལ་ཡིན།

དུས་ཀྱིས་དེང་རབས་ལ་སླེབས་ན་ཡང་ལྟ་བའི་ཆ་ནས་དེང་རབས་ལ་སླེབས་པའི་ངེས་པ་ནི་ཡོད་པ་མ་རེད། ང་ཚོའི་བོད་སྤྱི་ཚོགས་འདི་དུས་རབས་ཉི་ཤུའི་ནང་ལ་སླེབས་ན་ཡང་། བོད་མི་བྱིངས་ཀྱི་བསམ་བློའི་ཆ་ནས་དུས་རབས་བཅོ་བརྒྱད་བཅུ་དགུའམ་ཡང་ན་དེའི་སྔོན་གྱི་དུས་རབས་དུ་མ་དང་ཁྱད་པར་ཡོད་པ་མ་རེད། མི་སྒེར་པ་ཞིག་གི་མི་ཚེ་སྐྱིད་སྡུག་ནས་བཟུང་སྟེ་རྒྱལ་ཁབ་ཅིག་གི་དར་རྒྱས་ཉམས་རྒུད་ཐམས་ཅད་ནང་ཆོས་གཅིག་པོའི་ངོས་ནས་འགྲེལ་བཤད་བརྒྱབ་ནས་བསྡད་པ་རེད། དུས་རབས་ཉི་ཤུ་པའི་སྟོད་ཆར་བོད་ཀྱི་སྤྱི་ཚོགས་དང་རིག་གཞུང་ལ་ནང་ཆོས་རྐྱང་པ་མ་ཡིན་པར་ལྟ་བ་གཞན་པ་ཞིག་གི་ངོས་ནས་ལྟ་མཁན་དང་འགྲེལ་བཤད་རྒྱག་མཁན་ཞིག་འཚོལ་དུས་དང་པོ་འཕྲད་ཡོང་བ་ནི་དགེ་འདུན་ཆོས་འཕེལ་རེད། ཁོང་ནི་དེང་རབས་ཀྱི་བསམ་བློ་གཏོང་སྟངས་ཏེ་ཁོང་རང་གི་རྗོད་ཚུལ་ལྟར་ན་ "རིགས་གསར་"ཏེ། ཚན་རིག་ལ་རྒྱུས་ལོན་གནང་མཁན་དང་། ཚན་རིག་གི་ལྟ་བའི་ཐོག་ནས་བོད་ཀྱི་སྤྱི་ཚོགས་དང་རིག་གཞུང་། ད་དུང་ནང་ཆོས་བཅས་ལ་སྐྱར་ཞིབ་བྱེད་མཁན་དང་པོར་གྱུར་ཡོད། དེང་རབས་རིག་གཞུང་གཙོ་བོར་འཛིན་པའི་དཔེ་མཛོད་ཁང་འདིས་གིས་དེང་རབས་ཀྱི་ལྟ་བ་འཛིན་མཁན་དང་པོ་འཁྲུངས་ནས་ལོ་བརྒྱ་ཐམ་པ་འཁོར་བ་རྗེས་དྲན་བྱེད་པ་འདི་ཧ་ཅང་འོས་པ་ཞིག་ཡིན།

དེའི་ཐོག་ལ་གོང་དུ་ཞུས་པ་ལྟར། ང་ཚོའི་དཔེ་མཛོད་ཁང་འདི་ད་ལོ་ལོ་མགོར་གསར་དུ་སྒོ་འབྱེད་བྱས། དཔེ་མཛོད་ཁང་འདི་སྒོ་ཕྱེ་བའི་ལོ་དང་དགེ་འདུན་ཆོས་འཕེལ་འཁྲུངས་ནས་ལོ་བརྒྱ་ཐམ་པ་འཁོར་བའི་གཉིས་སྟེས་དབང་གིས་ལོ་གཅིག་ལ་འཁེལ་བའི་སྐབས་འདིས་ཀྱང་ཐུན་མོང་མ་ཡིན་པའི་སྐྱེས་བུ་འདིའི་ལོ་བརྒྱའི་འཁྲུངས་སྐར་གྱི་རྗེས་དྲན་ཞུ་བའི་རྟེན་འབྲེལ་ཞིག་འགྲིག་པར་གྱུར།

ང་ཚོས་རྒྱལ་ཁབ་དྲུག་ནས་ཚོགས་ཞུགས་པ་ཉེར་བདུན་གདན་འདྲེན་ཞུས་པ་ལས་གསུམ་མ་གཏོགས་ཚང་མ་དེ་རིང་འཛོམས་ཡོད་པ་རེད། ང་ཚོས་ཞལ་པར་ཕུལ་ནས་འབྲེལ་གཏུགས་ཐོག་མ་ཞུས་ནས་དེ་རིང་འདིར་འཛོམས་པའི་བར་དུ་ཚོགས་ཞུགས་པ་ཚང་མས་ཚོགས་འདུ་འདིའི་ཚོགས་འཆར་ལ་བསྟོད་བསྔགས་དང་རྒྱབ་སྐྱོར་གནང་ཞིང་། ཚོགས་ཞུགས་པ་འགའ་རེས་ཚོགས་འདུའི་ནང་དོན་དང་ཚོགས་སྟངས་བཅས་ལ་དགོངས་འཆར་གནང་བ། དགེ་ཆོས་ཀྱི་རི་མོ་དང་། ཕྱག་རིས། སྐུ་རྫས། དགེ་ཆོས་དང་འབྲེལ་ཡོད་ཀྱི་དཔེ་དེབ་བཅས་འགྲེམ་སྟོན་གྱི་ཆེད་གཡར་པོ་གནང་བ་བཅས་ཀྱི་ལམ་ནས་རྒྱབ་སྐྱོར་ཡིད་དབང་འགུལ་བ་གནང་སོང་། ང་ཚོས་ཚོགས་འདུ་འདི་གྲ་སྒྲིག་ཚགས་སུ་ཚུད་པོ་ཞིག་བྱུང་སོང་སྙམ་བསྡད་ཡོད། དེ་ཡང་ཆ་མང་པོ་ཞིག་ཚོགས་ཞུགས་པ་ཡོངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བར་ངོས་འཛིན་ཞུ་གི་ཡོད། ང་ཚོས་ཚོགས་ཞུགས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མཚུངས་སུ་ཉིན་གསུམ་གྱི་ཚོགས་འདུའི་རིང་ལ་བགྲོ་གླེང་འཁྲུག་པོ་དང་བག་ཕེབས་པོ་དང་སྐྱིད་པོ་ཡོང་བའི་རེ་བ་ཡོད།

དེ་རིང་འདིར་ཕེབས་མ་ཐུབ་པ་གསུམ་པོ་ནི་དགེ་འདུན་ཆོས་འཕེལ་གྱི་སྐུ་ཟླ་ཚེ་རིང་གཡུ་ལགས་དང་། ཁོང་གི་དངོས་སློབ་རཀ་ར་རིན་པོ་ཆེ། དགེ་ཆོས་འཁྲུངས་གཞིས་ཀྱི་གཞི་འཛིན་པ་གཡུང་དྲུང་རྒྱལ་ལགས་བཅས་རེད། ཁོང་རྣམ་པ་གསུམ་པོས་ཕེབས་འདོད་གནང་བས་མི་ཚད་ཕེབས་པའི་འབད་བརྩོན་ཡང་གནང་སོང་། ཡིན་ན་ཡང་མཐར་ཐུག་ཚེ་རིང་གཡུ་སྒྲོན་ལགས་དང་རཀ་ར་རིན་པོ་ཆེ་གཉིས་དགུང་ལོ་བགྲེས་སྐྱོན་གྱིས་ཕེབས་མ་ཐུབ་པ་དང་། གཡུང་དྲུང་རྒྱལ་ལགས་ལ་ཕྱི་སྐྱོད་ལག་འཁྱེར་དུས་ལྟར་མ་འབྱོར་ཏེ་ཕེབས་མ་ཐུབ་པ་རེད། ཡིན་ན་ཡང་ཚེ་རིང་གཡུ་སྒྲོན་ལགས་ནས་ཁོང་གི་གསུང་འཕྲིན་བརྙན་ཐག་ལ་ཕབ་ཡོད་པ་དང་། རཀ་ར་རིན་པོ་ཆེ་ནས་ཁོང་གི་གསུང་ཡིག་ཐོག་ལ་ཕབ་པ། གཡུང་དྲུང་རྒྱལ་ལགས་ནས་འཁྲུངས་གཞིས་སུ་གཅེས་ཉར་གནང་ཡོད་པའི་དགེ་ཆོས་ཀྱི་སྐུ་རྫས་དང་དཔེ་དེབ། ཕྱག་རིས་བཅས་ཆ་ཚང་འགྲེམ་སྟོན་གྱི་ཆེད་དུ་འདིར་བསྐུར་ནས་ཚོགས་འདི་འདིར་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད། ཁོང་རྣམ་པ་གསུམ་དེ་རིང་ང་ཚོ་དང་མཉམ་དུ་ཡོད་ཅི་མ་རུང་སྙམ་པའི་སེམས་ཚོར་ཆེན་པོ་ཞིག་ཡོང་གི་འདུག

ཚོགས་འདུ་འདི་ཚོགས་རྒྱུའི་ཁྱབ་བསྒྲགས་བྱས་མ་ཐག་ནས་ང་ཚོས་མི་ཀུན་གྱི་དོ་སྣང་འདྲེན་པའི་ཚོགས་འདུ་ཞིག་གྲ་སྒྲིག་བྱེད་བཞིན་ཡོད་པའི་ཚོར་བ་ཤུགས་ཆེན་པོ་སླེབས་སོང་། མི་མང་པོས་ཁ་པར་དང་ཨི་མེལ་གྱི་ལམ་ཚོགས་འདུའི་སྐོར་ལ་འདྲི་རྩད་བྱས་སོང་། འདྲི་རྩད་བྱེད་མཁན་མང་བ་ནང་བཞིན་དེ་རིང་ཚོགས་འདུ་ལ་ཉན་མཁན་ཡང་མང་པོ་སླེབས་འདུག ཁྱེད་ཚོས་གཟིགས་དང་། ཚོགས་ཁང་འདིའི་ནང་ན་རྐུབ་བཀྱགས་རིགས་གཉིས་ཡོད། རྐུབ་བཀྱགས་སེར་པོ་དྲུག་ཅུ་ཐམ་པ་ཡོད་ཅིང་། དེ་ནི་ཚོགས་ཁང་འདིའི་ནང་ལ་ཡོད་པའི་གཏན་འཇགས་ཀྱི་རྐུབ་བཀྱགས་རེད། གཞན་རྐུབ་བཀྱགས་ནག་པོའི་རིགས་ཤིག་ཡོད་པ་དེ་ཚོགས་ཁང་འདིའི་མ་རེད། དེ་རིང་ཚོགས་ཁང་འདིའི་རྐུབ་བཀྱགས་ཀྱིས་མ་འདང་ནས་རྐུབ་བཀྱགས་ནག་པོ་གྲངས་བཞི་བཅུ་སྣོན་དགོས་བྱུང་བ་རེད། ས་ཐག་རིང་པོ་འཇར་མན་དང་ཁེ་ན་ཊ་ལྟ་བུ་ནས་ཚོགས་འདུ་འདིར་ཆེད་དུ་ཡོང་མཁན་ཡང་གང་མང་ཞིག་འདུག འདི་འདྲའི་ཉན་མཁན་མང་པོ་ཞིག་ཕེབས་པ་ཡང་ང་ཚོ་ལ་རྒྱབ་སྐྱོར་ཆེན་པོ་ཞིག་རེད། ཁྱེད་ཚོ་ས་ཐག་རིང་པོ་ནས་ཚོགས་འདུ་འདིར་ཆེད་ཕེབས་གནང་དོན་ནི་དགེ་འདུན་ཆོས་འཕེལ་ཟེར་བའི་སྐྱེས་བུ་ཐུན་མོང་མ་ཡིན་པ་འདིའི་སྐོར་ལ་ཤེས་རྟོགས་གནང་ཆེད་ཡིན་པ་ནི་སྨོས་ཅི་དགོས། ངས་ཁྱེད་ཚོ་ཕེབས་པའི་དམིགས་ཡུལ་ཇི་བཞིན་འགྲུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་མཚུངས་སུ་ཁྱེད་ཚོ་ཚོགས་འདུའི་རིང་ལ་ཐུགས་སྤྲོ་བོ་ཡོང་བའི་རེ་བ་ཡང་བྱེད་ཀྱི་ཡོད།

མཐའ་མ་ངས་ལྷ་ས་ན་ཡོད་པའི་དགེ་འདུན་ཆོས་འཕེལ་གྱི་རིམོའི་ཚོགས་པ་ཐུགས་རྗེ་ཆེ་ཞུ་དགོས་ཡོད། ཁོང་ཚོས་དགེ་ཆོས་ལོ་བརྒྱའི་རྗེས་དྲན་ཚོགས་འདུ་ཚོགས་ཀྱི་ཡོད་ཐོས་པ་ན་ཚོགས་མི་རེ་རེས་དགེ་འདུན་ཆོས་འཕེལ་བརྗོད་གཞིར་གྱུར་རི་མོ་བཅུ་གསུམ་བྲིས་ནས་ཚོགས་འདུ་འདི་ལ་རྒྱབ་སྐྱོར་མཚོན་བྱེད་དུ་བསྐུར་འདུག དེ་དག་ལས་རི་མོ་གཅིག་ནི་ཚང་མས་གཟིགས་ས་ན་ཡོད་པ་འདི་རེད། གཞན་པ་བཅུ་གཉིས་པོ་པར་སྒྲོམ་ཆེན་པོ་གཅིག་གི་ནང་ལ་བསྒྲིགས་ནས་ཉིས་ཐོག་ན་བཤམས་ཡོད། ཚོགས་འདུའི་བར་གསེང་ལ་ཁྱེད་ཚོས་གཟིགས་ཀྱི་རེད། རི་མོ་འདི་དག་ནི་ད་རེས་ཀྱི་ཚོགས་འདུ་འདི་གཅིག་པོའི་རྒྱབ་སྐྱོར་ཙམ་མ་ཡིན་པར་ལ་རྩེ་དཔེ་མཛོད་ཁང་འདི་ལ་རྒྱབ་སྐྱོར་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། དཔེ་མཛོད་ཁང་འདིའི་ངོ་བོ་མཚོན་བྱེད་དང་རྒྱན་ཆར་གྱུར་ཡོད། ང་ཚོས་སྙིང་ཐག་པ་ནས་དགེ་འདུན་ཆོས་འཕེལ་རི་མོའི་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད།