You are here

About the Gendun Chopel Centennial Conference

སྤྱི་ལོ་ ༢༠༠༣ ལོར་ལ་རྩེ་དེང་རབས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་(ཕྱིས་སུ་བསྡུས་མིང་ལ་རྩེ་དཔེ་མཛོད་ཁང་ཞེས་འབོད།)སྒོ་འབྱེད་བྱས། འདི་ནི་དེང་རབས་བོད་ཀྱི་སྤྱི་ཚོགས་དང་རིག་གཞུང་ལ་ཁ་གཏད་པའི་དཔེ་མཛོད་ཁང་དང་པོ་ཡིན། ང་ཚོས་སྤེལ་བའི་ལས་འགུལ་རྣམས་སུ་ཡང་རང་ཚུགས་འདི་གང་ཐུབ་ཀྱིས་འཛིན་པར་བྱེད། དཔེ་མཛོད་ཁང་འདིས་སྤེལ་བའི་ལས་སྒོ་དང་པོ་ནི་དུས་རབས་ཉི་ཤུའི་ནང་གི་ཆེས་ཆེ་བའི་ཤུགས་རྐྱེན་ཅན་(དང་རྩོད་གླེང་ཅན་)གྱི་མཁས་པ་དགེ་འདུན་ཆོས་འཕེལ་འཁྲུངས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་རྗེས་དྲན་གྱི་ཚོགས་འདུ་དེ་ཡིན།

ཚོགས་འདུ་དེ་ནི་ལོ་དེའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་ ༧ ནས་ ༩ ་བར་དུ་ཚོགས་ཡོད། ཚོགས་འདུ་དེར་དགེ་ཆོས་ཀྱི་གྲོགས་པོ་དང་། གཉེན་ཉེ། ངོ་ཤེས། མཁས་པ། རྣམ་ཐར་འབྲི་མཁན་སོགས་རྒྱལ་ཁབ་བདུན་ནས་མི་སྣ་ ༢༢ གདན་འདྲེན་ཞུས་ནས་དགེ་ཆོས་ཀྱི་སྐུ་ཚེ་དང་ཁོང་གི་མཛད་རྗེས་ལ་ཕྱོགས་ཡོངས་ནས་བགྲོ་གླེང་བྱས་ཡོད། ཚོགས་འདུ་དེ་ཚོགས་སྐོར་ལྔ་དང་། དམིགས་བཀར་གཏམ་བཤད་གཉིས། འགྲེམས་སྟོན་གཅིག གློག་བརྙན་གཉིས་བཅས་ཀྱིས་གྲུབ། ༢༠༡༣ ལོར་ལ་རྩེ་དཔེ་མཛོད་ཁང་གིས་དགེ་རྒན་ཆེན་མོ་རྡོ་ནོལ་ ལོ་པེ་སི་(Donald Lopez)ལགས་དང་མཉམ་འབྲེལ་གྱིས་ཚོགས་འདུ་དེས་ཉེ་བར་བསྐུལ་ཅིང་ཚོགས་འདུ་དེའི་ཐོག་ལ་འགྲེམས་སྟོན་བྱས་པའི་དགེ་ཆོས་ཀྱི་རི་མོ་རྣམས་བརྗོད་གཞིར་གྱུར་བའི་དཔེ་དེབ་ཅིག་དབྱིན་ཡིག་ཏུ་ Gendun Chopel: Tibet’s First Modern Artist (Serindia, 2013)ཞེས་འབོད་པ་དཔེ་སྐྲུན་བྱས། དཔེ་དེབ་དེའི་སྔོན་བརྗོད་ཀྱི་ནང་དུ་ཚོགས་འདུ་དེ་ངོ་སྤྲོད་ཞིབ་རྒྱས་བྱས་ཡོད།

དུས་ཡུན་རིང་པོ་ཞིག་འགོར་མཐར་དེ་རིང་འདི་ང་ཚོས་ཚོགས་འདུ་དེའི་སྟེང་གི་གཏམ་བཤད་རྣམས་ཡིག་ཐོག་ཏུ་ཕབ་ནས་ཀློག་པ་པོ་སྤྱན་འབུལ་ཞུ་ཐུབ་པ་འདི་ལ་ང་ཚོ་དགའ་སྤྲོ་བརྟས། གསུང་བཤད་མང་ཆེ་བ་འདིར་སྤྱན་འབུལ་ཞུས་ཡོད། ཉུང་ཤས་ཤིག་གསུང་བཤད་གནང་མཁན་ནས་པར་སྐྲུན་གྱི་ཆོག་མཆན་གྱི་ལྗགས་ལན་མ་འབྱོར་བའམ་ཡང་ན་བརྙན་ཐག་སྦྲགས་མའི་གཏམ་བཤད་ཡིན། འདྲ་པར་གྱི་སྡེ་ཚན་གྱི་ནང་དུ་ཚོགས་འདུའི་སྐབས་ལ་བླངས་པའི་འདྲ་པར་སྐོར་ཞིག་དང་། རེབ་གོང་གི་ཞོ་འོང་དཔྱིས་ཀྱི་དགེ་ཆོས་ཀྱི་འཁྲུངས་གཞིས་སུ་བླངས་པའི་འདྲ་པར་སྐོར་ཞིག ཚོགས་འདུ་འདི་ལ་ཆེད་དུ་བྲིས་པའི་གསུང་འཕྲིན་སྐོར་ཞིག་ཀྱང་བཀོད་ཡོད། ཧོར་ཁང་བྱམས་པ་བསྟན་དར་ལགས་ནས་བསྣམས་ཕེབས་པའི་དགེ་ཆོས་ཀྱི་བརྗེ་ཐོའི་འབྲི་དེབ་ཅིག་ཆ་ཚང་པར་བཤུས་བྱས་པ་ཞིག་ཀྱང་བཀོད་ཡོད། ད་དུང་ལུའུ་ཁི་ཧྲད་ལིར་ལགས་ནས་དགེ་ཆོས་སྐོར་དངོས་བྱུང་གློག་བརྙན་ “སུན་ཕྱུང་བའི་གྲྭ་པ།”ཟེར་བ་དེའི་ཕབ་སྐྲུན་བྱེད་སྐབས་བཅར་འདྲི་བྱས་པ་ཁག་ཅིག་ཀྱང་ཡིག་ཀྱང་འདིར་བོད་ཡིག་དབྱིན་ཡིག་གཉིས་ཀར་བཀོད་ཡོད།

ཚོགས་འདུ་དེའི་སྟེང་ལ་དགེ་འདུན་ཆོས་འཕེལ་ལ་ཤེས་རྟོགས་སྤེལ་བར་ཕན་ཐོགས་བྱུང་ཡང་ཡིག་འབེབས་བྱེད་ཐབས་མ་བྱུང་བའི་གཏམ་བཤད་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།


ར་ཕེ་ལེ་རྡེ་མན་རེ་(Raphaele Demandre)ཡི་དགེ་འདུན་ཆོས་འཕེལ་གྱི་འཁྲུངས་ཡུལ་དང་དགེ་འདུན་ཆོས་སློབ་འབྲིང་གཉིས་ཀྱི་སྐོར་གྱི་བརྙན་ཐག
ལུའུ་ཁི་ཧྲཨེད་ལིར་(Luc Schaedler) གྱི་དགེ་འདུན་ཆོས་འཕེལ་སྐོར་གྱི་དངོས་བྱུང་གློག་བརྙན་གུ་དུམ་བུ་འགའ་སྔོན་སྟོན།
ཁི་ལེ་ཧར་རི་སི་ཡི་(Clare Harris) “དགེ་འདུན་ཆོས་འཕེལ་ནི་དེང་རབས་ཀྱི་རི་མོ་པ་ཡིན་ནམ།”


དགེ་འདུན་རབ་གསལ་དང་ལོ་རན་ ཧར་ཐི་ལི། གཡང་འབུམ་རྒྱལ་བཅས་གསུམ་ནས་ཚོགས་འདུ་འདིའི་གཏམ་བཤད་ཕྱོགས་བསྒྲིགས་འདི་ཡིག་འབེབས་ཡིག་སྒྱུར་གནང་བ་དང་། གཡུང་དྲུང་རྒྱལ་ལགས་ནས་དགེ་ཆོས་ཀྱི་འཁྲུངས་གཞིས་སུ་ཉར་ཡོད་པའི་འདྲ་པྲ་སྣ་ཚོགས་བེད་སྤྱོད་བྱེད་དུ་བཅུག་པ། ཧོར་ཁང་བྱམས་པ་བསྟན་དར་ལགས་ཁོང་གི་ཡབ་ཀྱིས་ངོ་བཤུས་གནང་བའི་དགེ་ཆོས་འདོད་པའི་བསྟན་བཅོས་དང་། དགེ་ཆོས་ཀྱི་བརྗེ་ཐོའི་འབྲི་དེབ་བཅས་འདོན་སྤེལ་གྱི་ཆོག་མཆན་གནང་བ།

ད་དུང་ལུའུ་ཁི་ཧྲད་ལིར་ནས་འདིའི་ནང་ལ་སྤེལ་བའི་བཅར་འདྲའི་བརྙན་ཐག་དེ་དག་བེད་སྤྱོད་བྱེད་དུ་བཅུག་པ་དང་། ༢༠༠༣ ལོའི་ཚོགས་འདུའི་སྐབས་སུ་ཕྱག་རོགས་སྣ་ཚོགས་གནང་བ་དང་། ལྷག་པར་དུ་དགེ་འདུན་ཆོས་འཕེལ་གྱི་རི་མོ་དང་ཕྱག་བྲིས། འདྲ་པར་སོགས་གློག་བཤུས་བརྒྱབ་ནས་དྲ་རྒྱ་འདི་ལ་རྔོ་ཐོགས་པ་བཅས་ལ་བཀའ་དྲིན་ཆེ་ཞུ།

དགེ་འདུན་ཆོས་འཕེལ་གྱི་ཚོགས་འདུའི་རྩོམ་ཡིག་ལ་ལོག