You are here

ངེད་ཚོའི་སྐོར།

༢༠༠༣ནས་བཟུང་། ལ་རྩེ་དཔེ་མཛོད་ནི་དེང་དུས་ཀྱི་བོད་རིག་པའི་ཞིབ་འཇུག་དཔེ་མཛོད་གཙོ་བོ་ཅིག་ཆགས་ཡོད།

ལ་རྩེ་དཔེ་མཛོད་ཁང་གིས་རང་གི་ཡིག་མཛོད་རྒྱ་བསྐྱེད་བྱེད་པ་དང་། དེ་བཞིན་རིག་གཞུང་གི་ལས་འགུལ་སྤེལ་ནས། བོད་ཀྱི་རིག་གཞུང་གི་འབྱུང་ཁུངས་དང་། ཁྱབ་ཁོངས། གསོན་སྟོབས་བཅས་ལ་བརྩི་མཐོང་ཆེ་རུ་གཏོང་བའི་འབད་བརྩོན་བྱེད། དཔེ་མཛོད་ཁང་འདི་ནི་ས་ཕྱོགས་གང་སར་བཞུགས་པའི་བོད་པ་རྣམས་དང་། ཞིབ་འཇུག་པ། དེ་བཞིན་འཛམ་གླིང་གི་མི་རིགས་མི་འདྲ་བའི་སྐུ་མགྲོན་ཚོར་བོད་ཀྱི་དེང་རབས་ཀྱི་ཁྱོན་ཡོངས་ཀྱི་རྣམ་པར་མཉམ་དུ་ཉམས་ཞིབ་དང་ཤེས་བྱ་རྒྱུད་སྤེལ་བྱེད་པ། དེ་བཞིན་ཤེས་རྟོག་གཏིང་ཟབ་དང་བསམ་ཚུལ་བརྗེ་རེས་བྱེད་སའི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་དོ་རྭ་ཞིག་ཡིན།

ལ་རྩེ་དཔེ་མཛོད་ནི་དེང་དུས་བོད་རིག་པའི་ཞིབ་འཇུག་རྒྱུ་ཆ་ཕུན་སུམ་ཚོགས་ཤོས་ཀྱི་དཔེ་མཛོད་ཅིག་ཡིན། དཔེ་མཛོད་འདིའི་དམིགས་བསལ་གྱི་ཡིག་མཛོད་ནང་ལ་པར་བསྐྲུན་བྱས་ཟིན་པ་དང་བྱེད་མ་མྱོང་བའི་རྒྱུ་ཆ་མང་ཞིང་། སྒྲ་བརྙན་གྱིས་གཙོས་པའི་སྨྱན་སྦྱོར་རྒྱུ་ཆ་ཕྱུག་པ། དེ་བཞིན་འཛམ་གླིང་ས་ཕྱོགས་གང་ས་ནས་མཁོ་སྒྲུབ་བྱས་པའི་རྩ་ཆེའི་རྒྱུ་ཆ་གཞན་དག་མང་པོ་གདན་འདྲེན་ཞུས་ཡོད། དཔེ་མཛོད་འདིར་དཔེ་དེབ་ཀྱི་གྲངས་༡༠༠༠༠ལྷག་དང་། དུས་དེབ་དང་ཚགས་པར་གྱི་གྲངས་༡༠༠༠༠ལྷག་ཙམ། དེ་བཞིན་དཔེ་སྐྲུན་ཁོངས་སུ་མ་གཏོགས་པའི་རྩ་ཆེའི་དམིགས་བསལ་གྱི་རྒྱུ་ཆ་མང་པོ་བཞུགས་ཡོད། དཔེ་མཛོད་ལ་འཆར་ཅན་གྱི་ལས་རིམ་དང་། དེ་བཞིན་དམིགས་བསལ་གྱི་ཚོགས་འདུ་སྣ་ཚོགས་བསྐོངས་ནས་དཔེ་མཛོད་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཆ་དེ་དག་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་བོད་ཀྱི་དེང་དུས་ཀྱི་གསོན་ཉམས་ཆེ་བའི་རིག་གཞུང་ལ་གཟེངས་བསྟོད་བྱེད་བཞིན་ཡོད། ང་ཚོས་རིག་གནས་ཀྱི་མཁས་དབང་ཁག་དང་། ཞིབ་འཇུག་པ། དེ་བཞིན་མི་མང་རྣམས་ཀྱི་དབར་ལ་ཕན་ཚུན་དངོས་སུ་མཇལ་འཕྲད་དང་བགྲོ་གླེང་བྱེད་པའི་ཐོབ་པར་དཀའ་བའི་གོ་སྐབས་སྐྲུན་བཞིན་ཡོད་པ་མ་ཟད། དཔེ་མཛོད་ཀྱི་གློག་རྡུལ་པར་མའི་དུས་དེབ་དང་། དྲ་ཐོག་གི་རྒྱུ་ཆ། དེ་བཞིན་སྤྱི་ཚོགས་ཀྱི་སྨྱན་སྦྱོར་གྱི་རྒྱུད་ལམ་སྣ་ཚོགས་བརྒྱུད་ནས་མིག་སྔའི་ཞིབ་འཇུག་པ་རྣམས་དང་སྤྱི་ཚོགས་ཁྱོན་ཡོངས་ལ་དྲ་རྒྱའི་ཐོག་ནས་ཞབས་ཞུ་སྒྲུབ་བཞིན་པའོ།

དཔེ་མཛོད་ཁང་གི་ཞབས་ཞུ་དང་སྒོ་འབྱེད་དུས་ཚོད།

ལ་རྩེ་དཔེ་མཛོད་ཁང་ནི་མང་ཚོགས་ལ་རིན་མེད་ཀྱིས་སྒོ་ཕྱེ་ཡོད་ལ་ཚོགས་མི་ཡིན་མི་དགོས།  དཔེ་མཛོད་ཁང་གི་དཔེ་དེབ་རྣམས་ཕྱི་ལ་གཡར་གྱི་མེད་ཀྱང་བག་ཕེབས་ཅན་གྱི་ལྟ་ཀློག་དང་ཞིབ་འཇུག་བྱེད་སའི་མཐུན་རྐྱེན་སྦྱར་ཡོད།  དོ་བདག་སྐུ་དངོས་ཕེབས་མ་ཐུབ་མཁན་རྣམས་ལ་ཁ་པར་དང་གློག་འཕྲིན། དེ་བཞིན་ཡིག་འགྲུལ་བརྒྱུད་ནས་ཞབས་ཞུ་སྒྲུབ་བཞིན་ཡོད། གནས་སྐབས་རིང་། ང་ཚོའི་དཔེ་མཛོད་ལ་ཕེབས་འདོད་ཡོད་ན་ཁ་པར་བརྒྱུད་ནས་སྔོན་ལ་དུས་འདེབས་བྱེད་དགོས། དུས་འདེབས་བྱེད་པར་ལ་རྩེ་དཔེ་མཛོད་ཀྱི་ལས་བྱེད་ལ་ཁ་པར་ཨང་གྲངས་༢༡༢-༣༦༧-༨༤༩༠ཐོག་ལ་འབྲེལ་བ་གནང་བའམ། དེ་མིན་གློག་འཕྲིན།. ཐོག་ལ་འབྲེལ་བ་གནང་རོགས།

“ལ་རྩེ།”ཞེས་མིང་བཏགས་དགོས་པའི་རྒྱུ་མཚན།

ལ་རྩེ་དཔེ་མཛོད་ཁང་གི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་དེང་རབས་ཀྱི་འཚོ་བའི་རྣམ་པ་སྟེ། ཉིན་རེའི་འཚོ་བའི་གོམས་གཤིས་ནས་མཛེས་བཀོད་སྒྱུ་རྩལ་དང་ལྟ་གྲུབ་ཀྱི་བར་དང་། དེ་བཞིན་སློབ་གསོ་དང་སློབ་ཡོན་སོགས་ལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱེད་ཐུབ་པའི་འབད་པ་བྱ་རྒྱུ་དེ་ཡིན། ང་ཚོའི་དཔེ་མཛོད་ཀྱི་མིང་། “ལ་རྩེ།”ཞེས་པ་འདིས་གོང་གི་དམིགས་ཡུལ་དང་ཁ་ཕྱོགས་མཚོན་པ་ཡིན།

ལ་རྩེ་ནི་ལ་མཐོན་པོའི་རྩེ་དང་ས་མཐོན་པོར་གོ་བའི་ཐ་སྙད་ཅིག་ཡིན་སྟབས། དེ་ལྟར་ང་ཚོའི་དཔེ་མཛོད་ཀྱང་འཛམ་གླིང་འདིའི་ཡང་རྩེ་བོད་ཁ་བ་ཅན་གྱི་རིག་གཞུང་མཚོན་པའི་དོན་ཡིན།

ལ་རྩེའི་གོ་བ་གཞན་པ་ཞིག་ནི་ལའི་རྩེ་དང་ས་སྒང་མཐོན་པོའི་རྩེ་ལ་རྡོ་མང་པོ་སྤུངས་པ་དང་དར་ལྕོག་འཛུགས་པའི་ཆོས་ལུགས་ཀྱི་ཆོ་གར་ཀྱང་གོ་བ་ཡིན། ཆོ་ག་དེ་ནི་བོད་ཀྱི་ས་ཁུལ་ཚང་མར་ཐུན་མོང་ཡིན་པ་དང་། བོད་པ་ཡོད་དོ་ཅོག་གིས་ཉམས་ལེན་བྱེད་པ་ཡིན་པས། དཔེ་མཛོད་འདིའི་ཡིག་མཛོད་དང་རྒྱུ་ཆ་རྣམས་ཀྱང་ལ་རྩེས་ཁྱབ་པའི་ས་ཆ་དང་རིག་གཞུང་དེ་དག་ལ་ཁྱབ་པ་མཚོན་ནོ།

ལ་རྩེ་བཞེངས་སྟངས་ཐད་ལ་ཡུལ་གྲུ་སོ་སོར་སྲོལ་རྒྱུན་མི་འདྲ་བ་ཡོད་ཅིང་། ཚང་མས་དེ་རྩ་ཆེར་བརྩིས་པ་ཡོངས་གྲགས་རེད། འོན་ཀྱང་ལ་རྩེ་ནི་བོད་ཀྱི་སེར་མོ་བ་ལས་སྐྱ་བོའི་སྤྱི་ཚོགས་སུ་དར་ཁྱབ་ཆེ་ཞིང་། སྐྱ་བོའི་སྤྱི་ཚོགས་ཀྱིས་གཙིགས་སུ་འཛིན་པའི་སྲོལ་རྒྱུན་གྱི་གཞུང་ཞིག་ཡིན་པས། ལ་རྩེ་དཔེ་མཛོད་ཁང་གིས་ཀྱང་སྐྱ་བོའི་རིག་གཞུང་དང་སྲོལ་རྒྱུན་གལ་ཆེར་འཛིན་པ་མཚོན་ནོ།

ད་དུང་ལ་རྩེ་ནི་བོད་ལ་ནང་ཆོས་མ་དར་སྔོན་ནས་ད་བར་དུ་རྒྱུན་ཆད་མ་མྱོང་བའི་སྲོལ་རྒྱུན་ཞིག་ཡིན་ལ། ལ་རྩེ་དཔེ་མཛོད་ཁང་གིས་བོད་ཀྱི་དེང་རབས་རིག་གནས་གཙོ་བོར་འཛིན་ན་ཡང་། འདས་པའི་དུས་ཀྱི་རིག་གཞུང་དང་འབྲེལ་རྒྱུན་མ་ཆད་པའི་དེང་རབས་རིག་གཞུང་ལ་ལྷག་པར་གཅེས་པར་འཛིན་པ་མཚོན་ནོ།